文学作品ལྷུག་རྩོམ།
| 2023-11-29 来源:香巴拉资讯 | 分享: |
ལྷུག་རྩོམ།
ཕ་ཡུལ་ནས་གྱེས་ཐེངས་རེ་རེར།
སྒོ་སྤྲེལ་ངེས་དོན། རྟའུ་གཡུ་ཁོག
རི་བོ་གསེར་གྱིས་བྱུགས་ཤིང་ཆུ་མོ་དངུལ་གྱིས་ཤན་པའི་རིན་བྲལ་གྱི་ཕ་ཡུལ། དག་གཙང་སྐྱེ་ཁམས་ཀྱིས་འདེགས་ཤིང་ལུགས་གཉིས་གཙུག་ལག་གི་རྫོང་མཐུག་པའི་ཕ་ཡུལ། བརྩེ་བ་འོད་ཀྱིས་གསོས་ཤིང་དུང་བའི་མཚོ་མོ་རྒྱས་པའི་ཞེན་ཆགས་ཀྱི་ཕ་ཡུལ། སྐྱིད་ཀྱི་དགོད་སྒྲས་ཁེངས་ཤིང་སྡུག་གི་སྐྱོར་ཡ་བཀན་སའི་བརྟན་བརླིང་གི་ཕ་ཡུལ། བྲིས་ན་རྫོགས་མཐའ་མེད་ཅིང་གླེང་ན་ཟད་ཐབས་བྲལ་བའི་སྣོད་བཅུད་གཡང་གི་ཕ་ཡུལ།
འཚོ་བ་དང་ནར་སོན་གྱི་ལོ་ཟླའི་ཁུད་ནས་ཕ་ཡུལ་དང་གྱེས་དགོས་བྱུང་། ཕུགས་འདུན་དང་བྱ་བའི་སྒུལ་ཤུགས་རེ་རེ་ནས་ཕ་ཡུལ་དང་གྱེས་དགོས་བྱུང་། གནས་བབ་དང་ལས་ཀའི་དགོས་དབང་རེ་རེས་ཕ་ཡུལ་དང་གྱེས་དགོས་བྱུང་། འདི་དག་ནི་ནར་སོན་གྱི་དགོས་དབང་ལས་སྤྲད་པའི་ལམ་ཁ་ཡིན་མོད། སྤྱིར་གྱེས་བྲལ་གྱི་མདུན་དུ་མི་རྣམས་ནི་ཉམས་དམའ་བ་ཞིག་ཏུ་འདུག དེ་ལས་ཀྱང་གྱེས་བྲལ་ཡོད་ཚད་ཀྱི་ཁྲོད་ནས་ཕ་ཡུལ་དང་གྱེས་ནས་ཕྱོགས་གཞན་ཞིག་ལ་ཆས་རྒྱུ་ནི་ཤིན་ཏུ་ནས་ཀྱང་བློས་མི་ཐོང་བ་ཞིག་རེད།
ནམ་རྒྱུན་ཕ་ཡུལ་ནས་གྱེས་ཐེངས་རེ་རེར། ཨ་མའི་ལམ་ལྷ་དང་སྨོན་འདུན་གྱི་ཁྲོད་ནས་ང་རང་ལམ་ལ་ཆས་ཤིང་ཕ་ཡུལ་དང་ཁ་གྱེས། ཨ་ཕའི་སློབ་གསོ་དང་རེ་བའི་མིག་མདངས་ལས་ང་རང་ལམ་ལ་ཆས་ཤིང་ཕ་ཡུལ་དང་གྱེས་ཕྱག་ཕུལ། ཕུ་ནུ་མིང་སྲིང་ཚོའི་སྐེ་འཇུ་དང་ལག་བརྡའི་ཁྲོད་ནས་ང་རང་ལམ་ལ་བུད་ཅིང་ཕ་ཡུལ་དང་རྒྱང་དུ་ཆས། ངས་གྱེས་བྲལ་འདི་དག་གི་མདུན་དུ་མིག་ཆུ་གཏོང་མི་སྲིད། ཁོ་ཚོ་ཡང་དེ་དང་ནང་བཞིན་རེད། ང་ཚོ་ནི་རྟེན་འབྲེལ་དང་ཁ་གཡང་བརྟག་ཅིང་རྣམ་རྟོག་གི་གཏོས་ཆེ་བའི་མི་རིགས་ཤིག་ཡིན་པས་གདོད་མ་ནས་གྲུབ་པའི་ཐུན་མིན་གྱི་རིག་གནས་འདི་དག་ལ་ནི་བརྩི་བཀུར་དང་དང་ལེན་བླ་ལྷག་ཡོད།
ནམ་རྒྱུན་ཕ་ཡུལ་ནས་གྱེས་ཐེངས་རེ་རེར། ཕ་ཡུལ་གྱི་ནམ་མཁའ་དང་རྩྭ་ཐང་གིས་ང་ལ་ཁོད་ཡངས་པའི་མདུན་ལམ་དང་འཇིག་རྟེན་གྱི་མཐོང་རྒྱ་བསྟན། གངས་རི་དང་ཆུ་བོས་གཟི་བྱིན་འབར་བའི་སྤོབ་པ་དང་ངང་རྒྱུད་བསྩལ། ལྷ་བསང་དང་དར་ལྕོག་གིས་དཔའ་ཡ་དང་དཔུང་རོགས་མཛད། འདི་ལྟར་ཕ་ཡུལ་ནི་ངའི་མགོན་སྐྱབས་དང་སྡོང་གྲོགས་བཞིན་དུ་གཏན་དུ་འགྱུར་བ་མེད་པར་གནས་ན། ནམ་ཞིག་ང་རང་ཕྱིར་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་སྲུང་མ་ལྟར་དུ་འཚོ་ཐུབ་བམ་ཞེས་ངས་རང་གིས་རང་ལ་འདྲི་ཚིག་མང་པོ་གཏོང་དགོས་བྱུང་།
ནམ་རྒྱུན་ཕ་ཡུལ་དང་གྱེས་ཁར། ངས་ནི་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་ལས་ཕ་ཡུལ་གྱི་འཕེལ་འགྲིབ་དང་སྐྱིད་སྡུག གནས་བབ་དང་ཆགས་འཇིག་ལ་ནི་སེམས་ཚགས་ལྷག་མ་ཞིག་ཤོར་གྱིན་མནོ་བསམ་ཞིབ་ཏུ་གཏོང་དགོས་བྱུང་། ང་རང་ཕ་ཡུལ་དང་གོམ་ཐག་རེ་རེ་བཞིན་ཇེ་རིང་དུ་ཕྱིན་དུས་རེ་བའི་འགན་འཁྲི་དང་འོས་བབ་རྡོག་ཁྲུས་དག་གིས་མདུན་སྐྱོད་ཀྱི་སྤོབས་པ་དང་རེ་བ་ནི་སྔར་ལས་ཆེ་མོད། ཕ་ཡུལ་དང་གྱེས་ཕྱག་ཕུལ་ཐེངས་རེ་རེར་ཡིད་སེམས་ནི་འཇགས་ཐབས་མེད་པ་ཞིག་ཏུ་འདུག རི་ཚོགས་དང་ཡུལ་སྡེ་ཇི་ལྟར་བརྒྱུད་ན་དྲན་པའི་རྩིགས་ལྡེབས་ངོས་སུ་ཡང་ཡང་དྲན་པ་ནི་ཕ་ཡུལ་ཉག་གཅིག་རེད། གལ་ཏེ་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་འདིར་ཉར་ཚགས་བྱ་ཆོག་པའི་འདུ་ཤེས་ཤིག་ཡོད་གྱུར་ན་འདུ་བྲལ་གྱི་སྣང་བརྙན་མང་པོ་ཞིག་གསལ་ལམ་མེར་ཡིན་ངེས། ཉི་ནུབ་དང་གྱེས་བྲལ་ནི་མཇུག་མ་སྒྲིལ་བའི་ལྷན་འཛོམས་རེ་རེ་ཡི་འབོད་སྒྲ་ཡིན་ན་དཀའ་ངལ་ཇི་འདྲ་ཆེ་རུང་རེ་སྒུག་དེ་ནི་ཇི་འདྲའི་སྙིང་ལ་རྗེ་ཞིང་ཡིད་དུ་འོང་བ་ཞིག་རེད་ཨང་། ན་ཚོད་དང་ལོ་ཟླའི་དབང་གིས་རིམ་བཞིན་རྒྱང་རིང་དུ་ཆས་ནས་ནར་སོན་པ་ན་ངས་ནི་ཕ་ཡུལ་གྱི་དགུན་ཁ་མ་གཏོགས་དུས་ཚིགས་གཞན་པ་དག་ལ་ལོངས་སུ་སྤྱོད་ཐུབ་ཀྱིན་མི་འདུག ཡིན་ནའང་དགུན་ཁ་དེ་ནི་ང་ལ་མཚོན་ན་ཆེས་དྲོད་ཁོལ་ལྡན་པའི་དུས་ཚོད་ཁོ་ན་དེ་ཡིན། གྲོང་ཁྱེར་གྱི་གྲུ་ཟུར་རེ་རེ་ན་འུ་ཅག་ནི་ཆ་མེད་ཀྱི་མགྲོན་པོ་ལྟར་དུ་ཕུགས་བསམ་དང་རྨི་ལམ་གྱི་མིག་ཟུང་ལས་རྒྱང་རིང་གི་རུ་ཚོགས་ཤིག་ཡང་ཡང་དྲན། གང་ལྟར་གྱེས་བྲལ་འདི་དག་ལས་མདུན་ཕྱོགས་ཀྱི་ལམ་བུ་དང་ནམ་མཁའ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་པར་སྨོན།
སྐྱེ་བ་འདིར་སྒྲུབ་ནས་འགྲུབ་འགྲོ་བའི་བྱ་གཞག་ཅིག་དང་སོང་ནས་ཟད་འགྲོ་བའི་ལམ་ཞིག་ནི་རྙེད་ཐབས་མེད་ཀྱང་ཕ་ཡུལ་གྱི་པང་ནས་ལམ་ལ་ཆས་ཤིང་སྔར་ལྟར་ཕ་ཡུལ་གྱི་པང་དུ་འཛོམས་ཐུབ་པའི་སྨོན་པ་རེ་རེ་མངོན་དུ་འགྱུར་བ་ནི་རིན་ཐང་བྲལ་བའི་ཚེ་ཡི་ལས་སྐལ་བཟང་ཤོས་དེ་ལོས་ཡིན། ང་ནི་འཇོན་ཐང་ཅི་ཡང་མེད་པའི་འཁྱམས་སྐྱོད་པ་ཞིག་ཏུ་འདུག་མོད། ཕ་ཡུལ་དང་གྱེས་ཐེངས་རེ་རེར་སྨོན་པ་ཚད་མེད་ཅིག་གིས་ཕ་ཡུལ་ལ་སྲི་ཞུ་ཅུང་ཙམ་རེ་འགྲུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གཙང་མ་དེ་ནི་འཁྲེངས་སེམས་ཀྱི་ལན་ཆགས་ཤིག་གིས་ཀྱང་མི་ཚད་པ་འདྲ།
དོན་དུ་ང་ལ་ནི་འཇིག་རྟེན་འདིར་ཕ་ཡུལ་ལས་ཆེ་བའི་གཞིས་ཀ་ཞིག་དང་ཕ་ཡུལ་ལས་མཐོ་བའི་རི་བོ་ཞིག་མེད་མོད་ང་ཚོ་ནར་སོན་པ་དང་བསྟུན་ནས་ཕ་ཡུལ་རྒས་ཀྱིན་འདུག་གམ། ཇེ་ཆུང་དུ་འགྲོ་བཞིན་ཡོད། ཡང་ན་ཇེ་ཆེ་རུ་འགྲོ་འུ་ཡོད། འཇིག་རྟེན་གྱི་ཆོས་ཉིད་ག་ཙམ་ལ་འགྲེལ་བཤད་ཕོག་གམ། གལ་ཏེ་གཏན་དུ་འགྱུར་བ་མེད་པའི་ཆོས་ཤིག་ཡོད་ན་ངས་ནི་ཏན་ཏན་ཕ་ཡུལ་དང་འབྲེལ་བའི་དོན་དག་མང་པོ་ཞིག་ལ་སྨོན་པ་ཚད་མེད་ཅིག་འདེབས་ངེས་ཡིན།
ཇ་དར་རྩེ་མདོ་ནས།
༢༠༢༣ལོའི་ཟླ༣པའི་ཚེས༢༥ཉིན།
མཐར་ཕྱིན་མེ་ཏོག
ཌཱ་ཀི་མཚོ།
དེ་རིང་འདས་ཟིན་པའི་ཟླ་འགའ་བརྒལ་ཏེ། སྔོན་གྱི་སློབ་གླིང་ལ་ཕྱོགས། སློབ་ཁྲིད་ཐོག་ཁང་གི་འགྲམ་གཉིས་ཀྱི་སྡོང་བོའི་ངོས་སུ་མེ་ཏོག་རྣམ་པར་བཞད་འདུག མེ་ཏོག་དེ་ནི་གཞན་དང་མ་མཚུངས་བར་འདབ་ལྔ་ཅན་གྱི་མེ་ཏོག་དཀར་པོ་ཞིག་ཡིན། མཐར་ཕྱིན་ལ་ཉེ་སྐབས་ཁོས་ང་ཚོ་ལ་གསལ་བརྡ་ཞིག་སྤྲད་བཞིན་པ་ལྟར་ལྷུག་པར་བཞད་སྲིད། དུས་བཅད་འདིའི་ནང་མ་གཏོགས་མེ་ཏོག་འདི་བཞད་ཡུན་འདི་འདྲའི་ཐུང་བ་ཆ་མ་འཚལ། སྟོན་རླུང་ལྡང་སྐབས་ང་ལ་རླུང་བུ་དེ་འགོག་བྱེད་ཀྱི་ནུས་པ་ཞིག་ལྡན་ན་ཅི་མ་རུང་། འཐོར་ཟིན་པའི་འདབ་མ་རེ་རེ་རླུང་གིས་གང་སར་བསྐྱོད་པའི་སྐབས་སུ་ང་ལ་ཡུན་རིང་མི་འགོར་བར་མ་ཡུམ་སློབ་གྲྭ་དང་བྲལ་དགོས་པའི་དངོས་ཡོད་འཚོ་བ་དེ་དྲན་གསོ་བྱས། རྒྱུ་མཚན་ཁོའི་མིང་ལ་མཐར་ཕྱིན་མེ་ཏོག་ཟེར་ཞིང་ང་ཚོ་སྐྱེལ་མ་བྱེད་པའི་ལེགས་སྐྱེས་སམ་བྲལ་འདོད་མེད་པའི་སེམས་ཤུགས་ལ་བཙན་གཅོད་བྱེད་པའི་རལ་གྲི་ངོ་ཉིས་མ་ཞིག་དང་མཚུངས།
ལོ་གསུམ་གྱི་རིང་། ང་ཚོས་སྐྱ་རེངས་ཀྱི་མཛེས་ཆ་ལ་མོས་གུས་བྱེད་ཞོར་མ་འོངས་པའི་བདེ་ཐང་ཉིན་རེ་རེའི་ཞོགས་རྒྱུགས་ལ་ཕུལ།
ལོ་གསུམ་གྱི་རིང་། ང་ཚོས་སྔ་དྲོ་ཡི་མཁའ་དབུགས་ལོངས་སུ་སྤྱད་དེ་སྐད་ངག་གི་སྒྱུ་རྩལ་དབྱངས་རྟ་ལ་བཀུག་ནས་ཉིན་རེ་རེའི་ཞོགས་འདོན་ལ་ཕུལ།
ལོ་གསུམ་གྱི་རིང་། ང་ཚོས་ས་སྲོད་ཀྱི་སྐར་མདའ་རིང་མོར་སྐྱབས་འཇུག་ཞུ་ཞོར་ཉིན་གཅིག་གི་བསམ་གཞིག་མཚན་སྦྱོང་ལ་ཕུལ།
ད་དུང་ལོ་གསུམ་གྱི་རིང་། ང་ཚོས་འགྱུར་མེད་ཀྱི་བརྩེ་བ་དང་བརྗེད་མེད་ཀྱི་བཀའ་དྲིན་ཉིན་རེ་རེར་གསོག་འཇོག་བྱས་ཏེ་དགེ་སློབ་ཕན་ཚུན་བར་ལ་ཕུལ།
རེད་ཡ། ད་སྐབས་ལོ་གསུམ་འདས་ཟིན། ངས་སློབ་ཆེན་ཞེས་པའི་ཁོར་ཡུག་ལ་ཡིད་མུག་བྱེད་བཞིན་ལོ་གསུམ་གྱི་ལོ་རྒྱུས་ལ་ཕྱིར་དྲན་མི་བྱེད་ག་མེད་བྱུང་། དུས་སྐབས་འདིར་སློབ་གྲྭའི་མཛེས་ཉམས་ལ་ལྷག་ཏུ་ཡིད་དབང་འགུག་པའི་ནུས་ཤུགས་ལྡན། ཁོས་ང་ལ་བྲལ་འདོད་མེད་པའི་སེམས་ཤུགས་བསྩལ་ཏེ་ནམ་ཡང་ཕྱིར་དྲན་གྱི་ཀློངས་སུ་ཉལ་བའི་རྨི་ལམ་དག་འཆར་བཟོ་བྱས། ཡིན་ཡང་། ལོ་གསུམ་གྱི་དུས་ཚོད་ལོང་སོང་བས་ངས་མཐར་ཕྱིན་མེ་ཏོག་གི་འདབ་མ་གཅིག་དཔེ་དེབ་ནང་དུ་ཉར་ཚགས་བྱེད་ཞོར་ཡིད་ཀྱི་སྐྱོ་སྣང་རླུང་བུ་ལ་མི་སྐུར་ག་མེད་བྱུང་།
མཇུག་མཐར་ཐེངས་རྗེས་མའི་འགྲུལ་བཞུད་ཁྲོད་ང་ཚོ་སྔར་ལས་མཛེས་པར་སྨོན།







