文学作品རང་མོས་སྙན་ངག
| 2023-11-29 来源:香巴拉资讯 | 分享: |
རང་མོས་སྙན་ངག
ལུས་རྩལ་པ་ཆོས་དབྱིངས་སྐྱིད།
——འགོ་མཁའ་ཁྱབ་རྡོ་རྗེ།
ང་ཚོས་ཅུང་གྲགས་ཆེ་ན་བསྟོད་དྲག་ལ།
དམའ་སར་ཡོད་ན་མཐོང་ཆུང་བྱེད་སྲིད།
གང་ལྟར།
ཁྱེད་ཀྱི་རྔུལ་ཆུ་ལས་བསྐྲུན་པའི་གཟེངས་རྟགས།
རྒྱལ་སྤྱི་ལ་བཞག་པའི་བག་ཆགས།
བོད་རིགས་ལ་བཞག་པའི་ང་རྒྱལ།
བློ་སྤོབས་ལས་འཁྲུངས་བའི་ཕུགས་བསམ་གྱི་མེ་ཏོག
མི་རིགས་ཞིག་གི་སློབ་སྦྱོང་བྱེད་ཡུལ་ཡིན་ལ།
འགྱུར་མེད་ཆོད་སེམས་ཀྱི་ཀ་བ་བཞིན།
གྲུབ་འབྲས་ཀྱི་ས་བོན་རྒྱས།
གར་སྟེགས་སྟེང་།
ཁྱེད་ཀྱི་ལང་ཚོ་ལས་བསྐྲུན་པའི་དཀའ་སྡུག
ལུས་རྩལ་ལ་གཏད་པའི་བདེན་པ།
ཕུགས་བསམ་ལ་སྙེགས་པའི་དམིགས་འདུན།
ལ་རྒྱ་ཡི་ཟེགས་མ་མཁའ་རུ་འཕྱོ་སོང་།
མིག་ཆུ།
ཁྱེད་ཀྱི་མིག་ཆུ་ཡིན་ལ།
ང་ཚོའི་མིག་ཆུ་ཡང་ཡིན།
དེ་རིང་།
གཟི་བྱིན་གྱིས་ར་སྤྲོད་བྱེད་ཐུབ་པས།
ངས་གངས་ལྷ་མེ་ཏོག་ཅིག་གི་ཚབ་ཏུ།
དབྱངས་གསལ་གྱི་ཚིག་འབྲུ་བདའ་ནས།
ཁྱེད་ལ་བསྟོད་བསྔགས་བྱེད་ན་འདོད།
ངའི་སེམས་ཀྱི་བསྙེག་བྱ།
ཆོས་འཛོམས་སྒྲོལ་མ།
ང་ལ་སེམས་ཀྱི་བརྟན་ས་ཆོས་དང་དད་པ་ཡོད།
ཕ་གཞིས་དྲོན་མོ་ཞིག་གི་བརྩེ་བ་ཡོད།
རྒྱུ་མཚན་དེའི་གནད་ཀྱིས།
ཕ་ཡུལ་ནས་ལམ་ལ་ཆས་པ་ནས་མགོ་བརྩམས་ཏེ།
ངས་རང་ལ་འགྱུར་མེད་ཀྱི་དམ་བཅའ་ཞིག་བཞག་ཡོད།
ཕྱིའི་འཇིག་རྟེན་གྱི་མཛེས་སྡུག་གིས་བདག་བློ་གུག་པ་མང་ཡང་།
ངའི་སེམས་ཀྱི་བསྙེག་བྱ་དེ་ཉི་མའི་བཀྲག་མདངས་མིན།
སྐར་ཚོགས་ཁྲོད་ཀྱི་རྒྱུ་སྐར་རྒྱལ་བོ་ལྟ་བུའི་གོ་གནས་མིན།
དུས་ཀྱི་རྒས་པ་ཡོད་པའི་ལང་ཚོའི་དཔལ་ཡོན་མིན།
བཅོས་མའི་ངོ་བསྟོད་དང་ཁས་ལེན་མིན།
ངའི་སེམས་ཀྱི་བསྙེག་བྱ་ནི།
དབྱངས་གསལ་སོ་བཞིའི་ཤ་རུས་ལ་བརྟེན་ནས།
མི་ཡུལ་གྱི་མཛེས་སྡུག་ཡི་གེར་ཕབ་ན་བསམ།
རང་རེའི་གསེར་ཞུན་གྱིས་བྱུགས་འདྲའི་ཐ་སྙད་ཀྱི་ཚོགས་དེ།
ཡངས་པའི་མཁའ་རུ་འོད་ཆེམ་ཆེམ་གྱིས་འཆར་ན་བསམ།
མེས་པོས་གནང་བའི་རིག་པའི་གཞུང་ལུགས་ལ།
སྙིང་གི་གུར་ཁྱིམ་ནས་ཕེབས་བསུ་བྱེད་ན་བསམ།
འོ་མའི་མདངས་འདྲའི་གཤིས་འཇམ་དྭངས་གཙང་གི་ཐུགས་རྒྱུད་དེ།
མི་ཚེའི་ཚེ་ནོམ་དང་རིན་ཐང་ཐམས་ཅད་ཀྱི་རྩ་བར་འདྲེན་ན་འདོད།
བོད་སྐད་ཡིག
སྒྲོལ་དཀར་དབང་མོ།
སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་དུས་རབས་ཀྱི་གོམ་འགྲོས།
རང་རིགས་ཀྱི་འདུན་པ་ཞན་མོས།
བོད་ཡིག་གི་ཚེ་སྲོག་ཉིན་བཞིན་མར་འགྲིབ་པའི་དུས་ཚོད་དམིགས་བསལ་ཞིག་ཏུ་འགྱུར།
ཕ་སྐད་མ་ཡིག་འགག་ཕྲེང་དོག་མོར་གནས།
ལ་ལས་བཤད་རྒྱུར།
བོད་སྐད་ཡིག་བཤད་ལོས་དགོས། དེ་ནི་མི་རིགས་ཀྱི་སྲོག་རྩ་རེད།
ཡང་སྐབས་རེར་དགོས་མཁོ་དང་བསྟུན་ཏེ་གཞན་སྐད་བཤད་ན་གནོད་པ་ཅི་ཞིག་ཡོད་ཨང་སྙམ།
རེད།ངོ་མ་རེད།བཤད་ཆོག་ཆོག་རེད།ཡིན་ན་ཡང་།འདི་ལྟར་བྱས་ནས་རྩ་བ་བོར་བ་ག་ལ་མིན།
ཕ་སྐད་ལ་དུང་སྣང་གི་གཏམ་འབྲུག་སྒྲ་ལྟར་བསྒྲགས་ཁུལ་བྱེད་ཀྱང་།
དོན་དུ་ཁ་བཤད་ཆུ་ཡི་ལྦུ་བ།།ལག་ལེན་གསེར་གྱི་ཐིགས་པར་གྱུར།
ང་ཚོས་ལྟེ་ཁྲག་བོད་ནས་འཐོར་ཞིང་།
སྐོམ་སེལ་གངས་ཆུ་བྱས་པའི་བོད་པ་ཞིག་ཡིན་ཕྱིར།
ཕ་སྐད་ལ་ནུས་པ་ཅི་ཡོད་ཀྱིས་འཛིན་སྐྱོང་སྤེལ་གསུམ་དགོས་པ་ནི་དོར་དུ་མེད་པའི་ཕྲག་བབས་ཀྱི་འགན་འཁྲི་དྭངས་མ་ཞིག་རེད།
བླ་མ་ཡིད་བཞིན་ནོར་བུ་མཆོག་གིས་ཀྱང་།
“བོད་རིགས་ངོ་མ་ཞིག་ཡིན་ཕྱིན།བོད་སྐད་ཡིག་དག་མ་ཞིག་ངེས་པར་ཤེས་དགོས།ཤེས་པ་དེ་སྤྱོད་དགོས།གལ་ཏེ་བོད་རང་གིས་ཆས་གོས་ཀྱང་གོས་སུ་མི་བྱེད།
སྐད་ཡིག་དག་ཀྱང་མི་སྤྱོད་ན།དེའི་ཚེ་བོད་ཅེས་པའིི་མིང་བོར་ཚར་བ་ཡིན་སོགས་མང་དུ་གསུང་ཡོད།
བོད་ཡིག་ཁྱབ་སྤེལ་མ་བཏང་ན།
ནམ་ཞིག་ལ་འདི་ལྟ་བུའི་བསྐལ་བ་ཡོངས་སུ་ཟད་ཚེ།
གདུང་འབོད་དང་ཕྱི་འགྱོད་ག་ཙམ་སྐྱེས་ཀྱང་ཕན་འབྲས་མེད།
མདོར་བསྡུས་གཏམ་གྱི་སྙིང་པོ་ཞིག་བརྗོད་ན།
མི་སོ་སོས་རང་ཉིད་ནས་མགོ་བརྩམས་ཏེ།
དུས་ཉི་མ་དེ་རིང་ནས་བཟུང་སྟེ།
ཕ་སྐད་གཙང་མ་ལག་ལེན་ལས་སྤྱོད་རྒྱུ་དང་ཕ་ཡིག་དག་མ་ཉམས་མྱོང་ལས་བཀོལ་རྒྱུ་ཡང་སྙིང་དུ་འཛིན་རྒྱུ་གལ་ཆེ།







