文学作品ཚིགས་བཅད།
| 2023-11-29 来源:香巴拉资讯 | 分享: |
ཚིགས་བཅད།
༄༅ སངས་རྒྱས་སྒྲོལ་མ།
གཉགས་དར་རྒྱས།
ཀ་ཅ་གསོག་འཇོག་མང་བའི་གཞིས་ཁྱིམ་གྱི་ནང་དུ།།
ཁ་ལ་ཞིམ་པའི་ཟས་རིགས་སིལ་ཏོག་དང་ཤ་ཐུད།།
ག་ལེར་དགའ་བའི་སྣང་བས་སྟོན་མོ་ལ་རོལ་ཡང་།།
ང་ཡིས་ཁྱེད་ཉིད་བརྗེད་པའི་དུས་སྐབས་ཤིག་མ་བྱུང་།།
ཅ་ནེ་ལྕགས་ཕོར་ཡོད་པའི་ལས་བྱེད་ཀྱི་བུ་མོ།།
ཆ་ལུགས་ལུས་ལ་རན་པའི་རྒྱ་གྲོང་གི་མཛེས་མས།།
ཇ་ཆང་དྲངས་དེ་ང་ལ་འཛུམ་མདངས་ཤིག་བསྟན་ཀྱང་།།
ཉ་མ་མོ་ཚོར་བལྟ་འདོད་འདུན་པ་ཞིག་མ་མཆིས།།
ཏ་ཐཱ་ག་ཏའི་བསྟན་པར་རྒྱབ་འགལ་ཞིག་དགོས་ཀྱང་།།
ཐ་ན་རང་སྡེ་ཁྲ་མོ་ལོགས་ཤིག་ཏུ་བསྐྱུར་ནས།།
ད་ལྟ་ལེ་དབར་ཁྲི་ཕྲག་རྐང་འགྲོས་ཀྱི་བགྲོད་དེ།།
ན་མཉམ་ཁྱེད་ཀྱི་ཕྱོགས་སུ་གོམ་འགྲོས་དེ་བསྒྱུར་འདོད།།
པ་ཎཾ་རེག་བྱ་ལྟ་བུའི་ཁྱེད་ལུས་ཀྱི་འཇམ་ཤ།།
ཕ་ལམ་ཉི་ཤར་ལྟ་བུའི་ཁྱེད་གདོང་གི་གཟི་བྱིན།།
བ་ཀུ་ལ་ཡི་མེ་ཏོག་དྲི་བཞོན་གྱིས་བསྒུལ་འདྲའི།།
མ་ཚོགས་མཁའ་འགྲོ་བྱེ་བའི་རྣམ་སྤྲུལ་དེ་ཁྱེད་ཡིན།།
ཙ་རིའི་གནས་ལ་བཞད་པའི་མཛེས་སྡུག་གི་མེ་ཏོག །
ཚ་གདུང་དཀའ་ངལ་ཁྱད་བསད་ལག་ཟུང་གིས་བཏུས་དེ།།
ཛ་དྲག་རྫ་འགག་གངས་ཁྲོད་རི་ལུང་ཀུན་བརྒལ་ནས།།
ཝ་ཏའི་ལྷད་མེད་དུངས་བརྩེ་ཁྱེད་རང་ལ་ཕུལ་འདོད།།
ཞ་འཐེང་རྒད་པོ་ཟུང་ཟད་མགོ་དཀར་དུ་གྱུརད་དེ།།
ཟ་མ་ཁ་ལ་ལེན་པར་དཀའ་ཁག་ཅིག་འབྱུང་བར།།
འ་ཅག་གཉིས་ཀྱི་བརྩེ་གདུང་པད་དཀར་གྱི་མེ་ཏོག །
ཡ་ཡོ་མེད་པར་ཚེ་འདིའི་ལས་སྐལ་དུ་འཛུགས་ངེས།།
ར་གན་གསེར་བརྫི་བྱེད་པའི་ཁྲམ་པ་དེ་ང་མིན།།
ལ་ཡོག་མགོ་སྐོར་གཏོང་བའི་ཉེས་ཅན་དེ་ང་མིན།།
ཤ་ཁྲག་རུས་གསུམ་ཁྱེད་ལ་ཕངས་མེད་དུ་སྟོབས་མཁན།།
ས་ཆེན་འདི་རུ་བུ་ང་ཁོ་ན་ལས་མེད་དོ།།
ཧ་རི་ཎ་ཡི་སྤྱན་ལྡན་ཞེ་ཁོག་གི་དྲན་པ།།
ཨ་ཅག་སངས་རྒྱས་སྒྲོལ་མ་ཁྱེད་ཉིད་རང་ཡིན་ནོ།།
བརྩེ་འཕྲིན།
སྨོན་ལམ།
འཕྲིན་པ་ཕར་འགྲོ་ཞིག་དང་།།
ལས་དབང་ཚུར་འོང་ཞིག་གིས།།
ཚེ་ལ་ཚེ་མདུད་ཐེབས་ནས།།
དབང་བ་སྐྱིད་ལ་འཁོར་ཆོག།
འཇིག་རྟེན་མི་ཡུལ་འདི་ནས།།
ངེད་གཉིས་ལས་ཐུག་ལམ་ཐུག།
ཐུག་ནས་སེམས་པ་གླན་ས།།
སྙིང་གྲོགས་ཁྱེད་ལས་མི་འདུག།
དགའ་བ་སེམས་ཀྱི་རྟེན་ས།།
དུངས་བ་ཡིད་ཀྱི་རུ་མ།།
དགའ་དུངས་འདྲེས་མའི་མངར་ཁ།།
བརྩེ་བའི་ཧུབ་ཀྱིས་གཞིབས་ཆོག།
ཁྱེད་ཀྱི་བརྩེ་བ་བརྟན་ན།།
ང་ལ་ཕྱི་ཐག་ལོས་ཡོད།།
འགྱུར་མེད་དམ་བཅའ་བརྟན་པོ།།
དམར་ཆུང་སེམས་སུ་བྲིས་ཡོད།།
སྡེ་ཆེན་མི་ཚོགས་ཀློང་ནས།།
བརྩེ་བ་ཅི་རིགས་འཕྲད་ཀྱང་།།
གཞོན་པའི་སྣང་བ་མཐུན་ས།།
ཁྱོད་ལས་གཞན་ཞིག་མ་བྱུང་།།
འཕྲིན་ཆུང་དམར་པོ་ཞིག་ལ།།
ལས་ཀྱི་སྨོན་ཚིག་བསྲེས་ཏེ།།
རྒྱང་རིང་ཁྱེད་ཀྱི་ཕྱོགས་སུ།།
དྲན་པའི་ཚུལ་དུ་བསྐུར་རོ།།
སློབ་གླིང་བཀྲ་ཤིས་རྟགས་བརྒྱད།
༢༣༢༡ཡེ་ཤེས་མཚོ།
ས་སྒང་གོ་ལའི་ཟེ་བ་མཐོ་ས་ཡི།།
ཨ་སྔོན་གུར་དུ་ཕུབ་པའི་རི་ཚོགས་འདིར།།
སྤྲིན་ནག་ཆར་དུ་བསྙིལ་བའི་ཤུལ་དེ་ནས།།
ཁྲི་གདུགས་ཉི་མ་འོད་པོ་ཆེ་ཞིག་ཤར།།
རྣམ་དཔྱོད་རིག་པའི་རྩལ་ཁ་རབ་རྒྱས་པའི།།
ཤེས་རབ་ལྡན་པ་གང་དེ་རྟོག་སད་ལྟར།།
དངུལ་ཞྭ་གྱོན་པའི་གསེར་ལྡན་རི་བོའི་འདབ།།
གངས་ཆབ་ཁ་རུ་གསེར་ཉ་ཁྱུ་གཅིག་རྩེན།།
གཙུག་ལག་ལྔ་ཟུང་རིག་པའི་གནས་ཀུན་ལ།།
བསླབ་པའི་ཡོན་ཏན་ཐམས་ཅད་ཁོང་ཆུད་པའི།།
ཚུལ་མཐུན་བློ་གསལ་སྣོད་དུ་རུང་བ་དག།
ལེགས་ཚོགས་བཅུད་ཀྱིས་བལྟམས་པའི་བུམ་བཟང་བཞིན།།
མཁྱེན་དཔྱོད་ཡངས་པའི་དགོངས་པ་རབ་གསལ་ཞིང་།།
བརྩེ་བ་སྙིང་རྗེ་ཆེན་པོའི་ཐུགས་མངའ་བ།།
ནུས་མཐུས་སློབ་ཚོགས་ཐམས་ཅད་སྐྱོང་མཛད་པའི།།
བཤེས་གཉེན་ལྷག་བསམ་དཀར་བ་པད་མའི་གཤིས།།
རིག་པའི་གནས་བཅུ་གཙུག་ཏུ་བཀོད་པ་དང་།།
སྲོལ་བཟང་བསྐྱངས་བའི་ཡ་རབས་སྤྱོད་བཟང་གིས།།
སྙན་པའི་གྲགས་དཔལ་སྤྱི་ལ་ཁྱབ་པ་དེ།།
དུང་དཀར་འབུད་པའི་བཀྲ་ཤིས་དབྱངས་རྟ་བཞིན།།
ནང་གི་སློབ་གཉེར་འབྲས་བུ་གཡུར་ཟ་ཞིང་།།
ཕྱི་ཚུལ་བཟོ་བཀོད་མཛེས་པས་ལྟ་ན་སྡུག།
མཛའ་བརྩེ་མཐུན་པའི་དཔུང་རྡང་མཉམ་པ་ཡང་།།
ཕུན་ཚོགསདཔལ་གྱི་བེའུ་བསྣོལ་བ་ལྟར།།
རིག་གཞུང་སྲོག་ཤིང་བྱེད་པའི་སློབ་གླིང་འདི།།
ཁ་ཆར་བུ་ཡུག་དྲགས་པོའི་གནོད་འཚེའི་ཁྲོད།།
ཉི་ཟླ་གཟའ་ཡི་ཁ་ལས་ཐར་བ་བཞིན།།
མི་ནུབ་རྒྱལ་མཚན་ཡུན་དུ་བརྟན་པར་ཤོག།
ཐོག་མའི་གངས་ཀྱི་སེམས་འདུན་དཀར་དཀར་དེ།།
མེ་ཏོག་འདབ་ལག་མངོན་པར་བཞད་པ་ལྟར།།
འདོད་དོན་མཐའ་དག་གེགས་མེད་འགྲུབ་པ་ཡི།།
རྟགས་བརྒྱད་རྩིབ་སྟོང་འཁོར་ལོས་བཀྲ་ཤིས་ཤོག།







