文学作品བརྩམས་སྒྲུང་།
| 2023-11-29 来源:香巴拉资讯 | 分享: |
བརྩམས་སྒྲུང་།
སྨན་རྩྭ་བཏུ་རུ་སོང་བའི་ཉིན་ཞིག
དུང་ཅེས།
ད་ལོའི་དབྱར་གནང་གི་ཉིན་ཞིག་ལ།ཨ་ཅེ་ངེད་གཉིས་ཀྱིས་ཅུང་ལས་སླ་བའི་ཞོར་ལས་ཤིག་ལ་འགྲོ་རྒྱུ་རག་སོང་།དེ་ནི་རང་སྡེ་བའི་སྨན་པ་ཁ་ཤས་དང་མཉམ་དུ་རི་མགོར་སྨན་རྩྭའི་མེ་ཏོག་རིགས་ཤིག་བཏུ་རྒྱུ་དེ་རེད།
ཨ་ཅེ་ངེད་གཉིས་ཀྱིས་འཕྲུལ་རྟ་ཞོན་ནས་མེ་ཏོག་བཏུ་སར་སླེབས་དུས།སྨན་པ་ཚོ་སྔ་མོ་ནས་སླེབས་ནས་རླངས་འཁོར་ལམ་འགྲམ་དུ་བཞག་སྟེ།རི་འདབས་ནས་ཡར་རི་མགོར་འགྲོ་བཞིན་ཡོད།ངེད་གཉིས་ལ་འཕྲུལ་རྟ་ལས་མར་བབ་ཐག་ཨ་ཅེས་ང་ལ་འགྲོ་ཟེར་ཞོར་དུ་སྔོན་ལ་བུད་སོང་།ངས་ལམ་འགྲམ་དུ་ཁ་པར་ལ་བལྟས་ནས་ཧང་སོང་།སྐབས་དེར་ཉིན་གུང་གི་དུས་ཚོད་བཅུ་གཉིས་ལ་སླེབས་གྲབས་ཡོད་པས།རྟ་བདུན་དབང་བོའི་འོད་ཟེར་ངའི་མགོ་ཐོག་ནས་རྩིབས་འཕྲོ་བྱས་ཏེ་ཉི་འོད་ཚ་ལམ་ལམ་བྱེད།ང་དྲོ་ནས་དེ་རུ་འདུག་ཀྱང་མི་འདོད་ལ།ཉོབ་ནས་འགྲོ་ཡང་མི་འདོད་པར་གྱུར་བའི་སྐབས་དེར།ཨ་ཅེས་ང་ལ་འབོད་བཞིན་ཡོད་པས།ངས་གླལ་སྒྱིང་ཞིག་བྱས་ནས་ག་ལེར་རི་འདབས་ནས་མེ་ཏོག་འཐུ་ཞོར་དུ་འགོས་ཏེ་སོང་།ངས་མེ་ཏོག་བཏུ་སའི་ཁུག་མ་བཟུང་མེད།ངར་མེ་ཏོག་གི་མགོ་དགོས་པ་ལས་རྩེ་མོ་དགོས་མིན་ཡང་མི་ཤེས་པར་རྩད་པ་ནས་བཏུས་ཏེ་སྤར་བའི་ནང་བསྡམས་ནས་བཟུང་།ངས་ཁོང་ཚོའི་རྗེས་ཅུང་མིན་ན་མ་ཆོད།ཁོང་ཚོའི་རྗེས་ཆོད་ནས་ཁོ་ཚོའི་སར་སླེབས་དུས།ངས་མེ་ཏོག་སྤར་བཅངས་གཉིས་ཙམ་ལས་བཏུས་ཐུབ་མི་འདུགའོན་ཀྱང་ཁོང་ཚོའི་གྲས་ཀྱི་མི་གཅིག་མ་གཏོགས་ངའི་ཨ་ཅེ་དང་སྨན་པ་ཚང་མས་མི་རེས་དེ་འདྲ་ཆུང་རྒྱུ་མེད་པའི་འགྱིག་སྒྱེ་ཕྱེད་ཙམ་བཏུས་ཚར་འདུག།མི་གཅིག་དེ་ནི་ང་དང་འདྲ་བའི་སློབ་མ་ཞིག་རེད་འདུག།མོས་ཀྱང་ཁུག་མ་བཟུང་མེད་ལ་མེ་ཏོག་སྤར་བཅངས་ཙམ་བཟུང་ཡོད་པ་དེ་སོང་ནས་མོ་རང་གི་ཨ་མའི་འགྱིག་སྒྱེ་ནང་འཕངས་སོང་།ཕར་བལྟས་ན་ང་དང་འདྲ་བར་མོས་ཀྱང་མེ་ཏོག་ཉུང་ཙམ་ལས་བཏུ་ཐུབ་ཀྱིན་མེད་པ་འདྲ།ང་སྔ་མོ་ཁྱིམ་ནས་ཡོང་དུས་བྲེལ་བ་ལངས་ནས་ལག་ཤུབས་གྱོན་རྒྱུ་རག་མ་སོང་བས།ངས་མེ་ཏོག་ཉུང་ཙམ་ལས་མ་བཏུས་མོད་ངའི་མཛུབ་ཆུང་གི་སྐེད་རྩ་ཚ་ནས་མེ་ཏོག་བཏུ་བསམ་གྱིན་མི་འདུག།སློབ་མ་གཞན་པ་དེས་ཀྱང་བཏུ་བསམ་གྱིན་མི་འདུག།མོས་ཨ་མར་བྲོ་ཁ་ཟ་ཟེར་བཞིན་ཡོད།དེ་ནས་ཅུང་ཙམ་འགོར་རྗེས་ང་ཚོ་ཚང་མས་ས་ཅུང་བདེ་ས་ཞིག་བཙལ་ནས་ལྷན་དུ་བྲོ་ཁ་ཟ་བསམ་པ་ཡིན།འོན་ཀྱང་ཁོ་ཚོས་སྒོར་བཅོ་ལྔ་ལྷག་དགོས་པའི་མགྱོགས་ཟས་སྟེང་ལ་ཆུ་ཚན་དང་འོག་ལ་ཆུ་འཁྱག་ལྡུག་དགོས་པ་དེ་ང་ཚོ་མི་རེར་གཅིག་རེ་བཟུང་ཡོད་པས།ཆུ་འཁྱག་མེད་ན་མགྱོགས་ཟས་སྐོལ་ཐབས་མི་འདུག།ང་ཚོ་དང་དེ་འདྲ་ཐག་མི་རིང་བའི་ལུང་བའི་ནང་ན་ཆུ་ཡོད།ངས་ང་ཚོ་ཕར་ཆུ་འགྲམ་དུ་སོང་ནས་བྲོ་ཁ་བཟའ་ན་ལེགས་སྙམ།འོན་ཀྱང་ཨ་ཅེས་མོ་ཆུ་ལེན་དུ་འགྲོ་ཟེར།ཡང་ངས་ཨ་ཅེ་གཅིག་པུ་འགྲོ་དགོས་པ་མ་རེད་སྙམ།་རྒྱུ་མཚན་ང་ཚོ་ཚང་མར་ཆུ་གྲང་མོ་དགོས་པ་མ་ཟད།ང་ཚོ་ལ་ཆུ་ལེན་སའི་སྣོད་མེད་པས་ཆུ་ཤོག་ཁུག་མའི་ནང་ལེན་དགོས་སྟབས།མི་གཅིག་སོང་ན་ལྷག་ཏུ་སྟབས་བདེ་མོ་ཞིག་མིན་པས།ང་ཚོ་མི་འགའ་ཞིག་མཉམ་དུ་ཆུ་ལེན་དུ་སོང་ན་འགྲིག།འོན་ཀྱང་ཨ་ཅེ་ལ་ང་ཡང་མཉམ་དུ་འགྲོ་ཟེར་མཁན་གྱི་མི་གཅིག་ཀྱང་མ་འདུག་པས།ཨ་ཅེ་གཅིག་པུ་ཕར་ལ་ཆུ་ལེན་དུ་བུད་སོང་།སྐབས་དེར་ངའི་སེམས་སུ་ཨ་ཅེ་ནི་འབྲོག་མོ་རྣལ་མ་གཞུང་རྒྱུད་དྲང་ལ་ལས་ལ་བརྩོན་པ་ཞིག་རེད།འོན་ཀྱང་ཁོ་ཚོས་ནི་རང་གི་གླ་པའམ་འབྲོག་མོ་གཞུང་དྲང་ལས་ལ་བརྩོན་པ་དེ་ཚང་མའི་དོན་དུ་ཆུ་ལེན་དུ་སོང་ན་འོས་པ་ཞིག་རེད་བསམ་གྱིན་འདུག།ང་ལ་སྨན་པ་ཚོས་ཁོ་རང་ཚོ་ནི་ངོ་མ་རྒྱལ་བོ་འདྲ་ཡིན་བསམ་གྱིན་ཡོད་སྙམ་པའི་སྣང་བ་ཞིག་སྟེར།སྐབས་དེར་ངས་ཀྱང་ཅུང་མི་དགའ་བའི་རྣམ་འགྱུར་ཞིག་ཕྱི་རུ་མི་སྟོན་ག་མེད་བྱུང་སོང་།སྟོད་ཐུང་ཕུད་དེ་ས་ལ་སྐོར་འཕེན་ཞིག་བྱས་ནས་ཨ་ཅེའི་རྗེས་སུ་བརྒྱུགས་ནས་ཆུ་ལེན་རོགས་སུ་སོང་བ་ཡིན།
ཉིན་གུང་ཟ་མ་ཟོས་རྗེས།མགྱོགས་ཟས་ཀྱི་ཤུབས་སོགས་གད་སྙིགས་ཅུང་མང་པོ་འདྲ་ཡོད།ང་ཚོས་གད་སྙིགས་འགྱིག་ཁུག་ཅིག་ནང་བཅུག་ནས་བྲོ་ཁུག་གི་ཟུར་ཞིག་ནས་བཞག།ང་ཚོས་ཡང་མུ་མཐུད་དུ་མེ་ཏོག་བཏུས་པ་ཡིན།ཅུང་ཙམ་འགོར་རྗེས་སློབ་གྲོགས་གཞན་པ་དེ་དང་ངེད་གཉིས་ཀྱིས་སྨན་པ་ཚོས་མི་རིག་ས་ནས་སློབ་གྲྭའི་སྐོར་གྱི་ཁ་བརྡ་མང་པོ་བྱས་ཏེ་ཉི་མ་འཁྱོལ་ཐབས་བྱས།ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཙམ་ལ་སླེབས་དུས།ངེད་གཉིས་ཀྱིས་དངོས་ནས་མེ་ཏོག་བཏུ་བསམ་གྱིན་མེད་ལ་ཁ་བརྡ་ཡང་བྱ་འདོད་མེད་པས།ངེད་གཉིས་ཀྱིས་སྨན་པ་ཚོར་ཁྱིམ་ལ་འགྲོ་རན་ཞེས་སྐད་བརྒྱབ་པ་ཡིན།འོན་ཀྱང་ཁོ་ཚོས་མ་གོ་བ་འདྲ་བྱས་ནས་སྨན་བཏུ་བར་གོམས་ཆེ་བའི་ལག་རྩལ་དེ་ཕུད་ནས་མུ་མཐུད་དུ་མེ་ཏོག་བཏུས།ཉིན་རྒྱུན་ལྟར་ན་ཁོ་ཚོས་ཕྱི་དྲོའི་དུས་ཚོད་ལྔ་ལ་མ་ཐོན་སྔོན་ནས་ལས་འཚམས་འཇོག་གི་ཡོད་ཟེར་བ་མི་ཞིག་གི་ཁ་ནས་ཚོར།འོན་ཀྱང་དེ་རིང་ཨ་ཅེ་ངེད་གཉིས་ལ་ཆོད་ཆོད་འདྲ་བྱས་ནས་དུས་ཚོད་ཕྱི་ནུར་བརྒྱབ་སོང་།སློབ་གྲོགས་ངེད་གཉིས་ཀྱིས་ཁྱིམ་ལ་འགྲོ་ཞེས་སྐད་མཐོན་པོས་བོས་པ་ཡིན།འོན་ཀྱང་ཨ་ཅེས་ཁ་ཅི་ཡང་མི་གྲགས་པར་ད་དུང་སྨན་བཏུ་བཞིན་འདུག
དུས་ཚོད་དྲུག་ཕྱེད་ཙམ་ཐོག་ལས་འཚམས་བཞག་སོང་།ཚང་མ་མར་བབ་ནས་རང་སོ་སོའི་བྲོ་ཁུག་ཁུར།སྨན་རྩྭ་འགྱིག་སྒྱེ་གཅིག་མི་གཉིས་ཀྱིས་བཟུང་ནས་འགྲོ་རྩིས་ཡོད།འོན་ཀྱང་ད་དུང་ཤུལ་ན་གད་སྙིགས་ལྷག་འདུག།སྨན་པ་གཅིག་གིས་གད་སྙིགས་བཟུང་ན་སྟབས་མི་བདེ་བས་རྩི་ཤིང་བར་ལ་བསྡུས་ནས་སྐྱུར་འཇོག་ཟེར།རོགས་པ་གཞན་པ་ཚོ་ལ་ཡང་གྲག་འགུལ་ཅང་མེད་པར་མར་བབ་ནས་བུད་སོང་།བྱ་སྤྱོད་དེས་ང་ལ་མི་དྲན་དགུ་དྲན་བྱེད་དུ་བཅུག།ངས་རྩྭ་མེ་ཏོག་འཛོམས་པའི་ས་དེ་འདྲ་སྐྱིད་པོ་ཞིག་ལ་གད་སྙིགས་འཕེན་བྲ་ནི་ཨེ་རེད།ཁོ་ཚོས་ཉིན་རྒྱུན་རྩྭ་མེ་ཏོག་འཛོམས་པའི་ཁོར་ཡུག་གི་སྨན་རྩྭ་བཏུ་བ་མ་ཚད་དེར་གད་སྙིགས་འཕངས་ན།ནམ་ཉི་མ་ཞིག་ལ་ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་ནི་སྨན་པ་ཁོ་ཚོས་བརྫད་སྐྱོན་དང་གཏོར་བརླག་ཐེབས་ནས་སྐྱོབ་ཐབས་མེད་པར་འགྱུར་འགྲོ་སྙམ།ཡར་མར་ལ་བསམ་བློ་གང་མང་ཞིག་བཏང་རྗེས་ང་ཕར་སོང་ནས་གད་སྙིགས་ཤོག་ཐུམ་དེ་བཟུང་ནས་མར་ཁོ་ཚོའི་རྗེས་སུ་བབ་སོང་།འཕྲུལ་རྟ་བཞག་ཡོད་སའི་ལམ་ཁར་ཐོན་རྗེས།ཨ་ཅེ་ངེད་གཉིས་ཀྱིས་གད་སྙིགས་ཤོག་ཐུམ་དེ་འཕྲུལ་རྟའི་འཕོང་ལ་བཅིངས་ནས།་འཕྲུལ་རྟ་ཞོན་ནས་སྐྲ་ཡང་རླུང་གིས་བསྐྱོད་བཞིན་སྔ་མོ་ཡོང་སའི་ལམ་ལ་ཆས་སོང་།







