ཞིང་གསུམ་ལས་ཀའི་ཐད་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་འདུག
| 2021-12-27 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་གྱི་བར། ཀྲུང་དབྱང་གི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་པེ་ཅིན་དུ་འཚོགས། གྲོས་ཚོགས་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་ཁྱོན་ཡོངས་ནས་དོན་འཁྱོལ། ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས། མིག་སྔའི་ཞིང་གསུམ་ལས་ཀའི་ཐད་ཀྱི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་མ་ཟད། ཉིས་སྟོང་ཉེར་གཉིས་ལོའི་ཞིང་གསུམ་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
གྲོས་ཚོགས་མ་འཚོག་གོང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཞིང་གསུམ་ལས་དོན་ལ་ཆེད་དུ་ཞིབ་འཇུག་བྱས་པ་མ་ཟད། གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་ནས། ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ལ་དམིགས་པ་དང་། ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་བཟོ་བ། ཞིང་གསུམ་ལས་ཀ་ཡག་པོར་སྒྲུབ་པ། བྱེད་ཐབས་ནན་མོ་འདོན་པ་དང་། ལག་བསྟར་ནུས་པ་ཤུགས་དང་ལྡན་པ། ཐོན་སྐྱེད་བརྟན་པོ་དང་མཁོ་འདོན་འགན་ལེན། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་བརྟན་པོ་བྱུང་བར་འགན་སྲུང་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། ཐོན་རྫས་ལས་སྣོན་རགས་མོ་མཁོ་འདོན་འགན་ལེན་བྱེད་པ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་རེད། ཀྲུང་གོ་བའི་བཟའ་བཏུང་ནི་དུས་ནམ་ཡང་རང་གི་ལག་ཏུ་འཛིན་དགོས། བཟའ་བཏུང་གཙོ་བོ་ཀྲུང་གོ་རང་ཉིད་ཀྱི་འབྲུ་རིགས་ལ་བརྟེན་དགོས། འབྲུ་རིགས་ཉེན་མེད་ཁག་ཐེག་བྱེད་པ་ནི་ཚང་མ་ལ་འགན་འཁྲི་ཡོད། ཏང་སྲིད་ཀྱི་ཐུན་མོང་གི་འགན་འཁྲི་ལས་ཕན་འབྲས་དངོས་ཐོན་དགོས། བཀོད་སྒྲིག་ལུགས་མཐུན་བྱེད་དགོས། ཐོན་ཁུལ་གཙོ་བོ་དང་། ཕྱིར་འཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་ཕྱིར་འཚོང་དོ་མཉམ་ཁུལ་བཅས་ཀྱིས་རྒྱ་ཁྱོན་འགན་ལེན་དང་། ཐོན་ཚད་འགན་ལེན་བྱེད་དགོས། ཞིང་ས་སྲུང་སྐྱོང་གི་བླང་བྱ་ཧ་ཅང་གསལ་པོ་ཡིན་དགོསཔ་དང་། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ནི་མིང་དོན་མཐུན་པ་དང་། ས་ཞིང་ནི་ས་ཞིང་ཡིན་པ་མ་ཟད། ད་དུང་ས་ཞིང་ཡག་པོ་ཡིན་དགོས། སྒྲིག་གཞི་ལེགས་སྒྲིག་ཏན་ཏིག་བྱས་ནས། སྲན་ཆེན་དང་འབྲུ་སྣུམ་འདེབས་འཛུགས་རྒྱ་བསྐྱེད་དེ། ཞིབ་བཤེར་ཚད་ལེན་ཐེག་པའི་གྲུབ་འབྲས་ཐོན་དགོས།
ཤ་ཚལ་སྒོ་གསུམ་གྱི་གྲོང་ཁྱེར་འགོ་འཛིན་གྱི་འགན་འཁྲི་ལམ་ལུགས་དངོས་སུ་དོན་འཁྱོལ་བྱས་ནས། ཕག་ཤ་དང་སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་མཁོ་འདོན་ཉེན་མེད་ལ་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་གསུངས་པ་རེད།
ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་འགྲོ་ནི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ཇེ་བརྟན་གཏོང་བ་དེ་རེད། མུ་མཐུད་དེ་དམ་འཛིན་ཡག་པོ་བྱས་ནས། དབུལ་བྲལ་མི་སེར་གྱི་འཚོ་བ་སྔར་བས་ཇེ་སྐྱིད་ཡོང་བ་བྱེད་དགོས། མུ་མཐུད་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནུས་ལྡན་གྱིས་འབྲེལ་མཐུད་བྱས་ནས། གཞི་ཁྱོན་ཅན་དབུལ་ཕོངས་མི་འགྱུར་བར་ཁག་ཐེག་བྱེད་པ་དང་། དངོས་སུ་དབུལ་བྲལ་འགག་སྒྲོལ་གྱི་རླབས་ཆེའི་གྲུབ་འབྲས་ལ་སྲུང་སྐྱོང་དང་ཇེ་བརྟན་གཏོང་དགོས། ཞིང་གསུམ་ལས་ཀའི་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཞིང་གསུམ་ལས་ཀའི་བྱང་ཚད་མཐོར་འདེགས་གཏོང་བར་དམ་དུ་འཛིན་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་མཁོ་འདོན་དམ་འཛིན་ཡག་པོ་བྱེད་པ་དང་། ས་གནས་ཀྱི་འབྲུ་རིགས་ཉེན་མེད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པ། འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་ཇེ་བརྟན་གཏོང་བ་བཅས་བྱས་ནས། སྲན་ཆེན་དང་བཟའ་སྣུམ་ཐོན་འཕར་ཡོང་བ་བྱེད་དགོས། ཞིང་སྤྱོད་རྒྱུ་ཆ་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བར་དངོས་སུ་འགན་སྲུང་བྱེད་པ། ཞིང་པའི་ཧུར་སེམས་སྐུལ་ནས་ཞིང་ཁའི་དོ་དམ་ཇེ་དྲག་ཏུ་བཏང་ནས། དབྱར་འབྲུ་ལོ་ལེགས་ཡོང་བ་ལ་ཁག་ཐེག་བྱེད་དགོས། ཞིང་ཁ་ལེགས་བཅོས་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་ཐོན་འཕར་ཡོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ནས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཀ་འཛུགས་སྐྱོང་ཇེ་དྲག་ཏུ་བཏང་ནས། དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། གྲོང་གསེབ་འཕེལ་རྒྱས་ཀྱི་འཛུགས་བསྐྲུན་ཇེ་བརྟན་དུ་བཏང་ནས། གྲོང་གསེབ་བཅོས་སྐྱོང་ལེགས་བཅོས་དང་ཇེ་ཟབ་ཏུ་སྤེལ་བ། མུ་མཐུད་དེ་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་མཐོར་འདེགས་བཏང་ནས། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་རྐྱེན་ལེགས་བཅོས་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།
ཀྲུང་དབྱང་ཞིང་སྡེ་ལས་ཀའི་གྲོས་ཚོགས་པེ་ཅིན་དུ་འཚོགས་ཤིང་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་ལི་ཁེ་ཆང་གིས་བླང་བྱ་བཏོན།
གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ལི་ཁེ་ཆང་གི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི༢༠༢༢ལོའི་ཕྱོགས་ཡོངས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་ཀ་གཙོ་བོའི་བསམ་འཆར་གྲོས་མོལ་ཡིག་ཆར་གྲོས་མོལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲོན་ཧྭ་གྲོས་ཚོགས་ནང་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད།
གྲོས་ཚོགས་ཐོག སང་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་ལ། ཞིང་གསུམ་ལས་ཀ་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་འབྲུ་རིགས་ཉེན་མེད་འགན་སྲུང་དང་གཞི་ཁྱོན་ཅན་གྱི་ཡང་བསྐྱར་དབུལ་ཕོངས་མི་འགྱུར་བའི་མ་མཐའི་ཚད་གཞི་གཉིས་བརྟན་སྲུང་བྱེད་པ། གྲོང་གསེབ་དར་རྒྱས་དང་གྲོང་གསེབ་འཛུགས་བསྐྲུན། གྲོང་གསེབ་བཅོས་སྐྱོང་གི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་ནས། ཞིང་ལས་བརྟན་པོའི་ངང་ཐོན་སྐྱེད་དང་ཐོན་འཕར། ཞིང་པའི་ཡོང་འབབ་འཕར་བ། ཞིང་སྡེ་བརྟན་བརླིང་བདེ་འཇགས་ཡོང་བཅུག་དགོས་ཞེས་བཏོན།
གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་ཀའི་བརྗོད་པ་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར། ཏང་གི་ཞིང་སྡེ་ལས་ཀའི་གཞི་རྩའི་ཉམས་མྱོང་བརྩི་སྲུང་། ཞིང་གསུམ་ཁྱབ་ཁོངས་ནང་གི་ཀུན་སྤྱོད་འཛུགས་སྐྱོང་ཇེ་དྲག་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་གྲོབ་གསེབ་དར་རྒྱས་གཏོང་བའི་གནས་བབ་གསར་པ་འཛུགས་གང་ཐུབ་བྱེད་དགོས་ཞེས་ནན་གྱིས་བཏོན།
རྒྱལ་དོན་ཨུ་ཡོན་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོག་བཞེས་མཁན་ཞའོ་ཅེས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།
ཀྲུང་དབྱང་ཞིང་སྡེ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩ་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་ཨུའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་གྲོས་ཚོགས་ནང་ཞུགས་པ་རེད། གྲོས་ཚོགས་བརྙན་འཕྲིན་ཁ་པར་ཐོག་ནས་འཚོགས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་པ་རེད།







