ཁམས་པའི་བརྙན་འཕྲིན་ཁང་གི་ལོ་སར་གླུ་ཚོགས་ལ་ཕེབས་བསུ་ཞུ།
| 2021-12-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཁམས་པའི་བརྙན་འཕྲིན་ཁང་གི་གངས་ལྗོངས་སྙན་དབྱངས་ཞེས་པའི་༢༠༢༢ལོའི་ལོ་སར་གླུ་ཚོགས་ནི་ཟླ་༡༢ཚེས༣༡ཉིན་ལ་ཁམས་པའི་བརྙན་འཕྲིན་དང་ཤམ་བྷ་ལའི་འཕྲིན་སྟེགས། ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་སོགས་ཀྱི་སྟེང་ནས་དུས་མཉམ་དུ་གཏོང་རྒྱུ་ཡིན་པས་ཚང་མས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།

གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སར་གླུ་ཚོགས་ལ་བོད་ཀྱི་རོལ་དབྱངས་དང་དར་སྲོལ་གསར་པའི་ཁྱབ་ཁོངས་ཀྱི་ན་གཞོན་གླུ་པ་གླུ་མ་སྐོར་ཞིག་ཞུགས་ཡོད་པར་མ་ཟད། ད་དུང་ནོར་བུ་བསམ་གྲུབ་དང་བདེ་སྐྱིད་ཚེ་རིང་། ཨ་ཀུན། གདུགས་དཀར་ཡག་སོགས་གླུ་པ་གླུ་མ་གྲགས་ཅན་སྐོར་ཞིག་དང་། གཞན་ཡང་དཔལ་འབྱོར་སོགས་དྲ་གྲགས་མི་སྣ་ཡང་གདན་ཞུ་བྱས་ཡོད། དེ་མ་ཟད་ང་ཚོས་མཉམ་དུ་ལོ་སར་རོལ་ཞེས་པའི་བྱ་འགུལ་གྱི་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ཐེངས་འདིའི་ལོ་སར་གླུ་ཚོགས་ནང་གདན་ཞུ་བྱས་ཡོད།

གཞན་ཡང་ཐེངས་འདིའི་ལོ་སར་གླུ་ཚོགས་ལ་མཚོན་ན། ཐོག་དང་པོར་ཤམ་བྷ་ལའི་རོལ་དབྱངས་ཞེས་པའི་སྐུ་མགྲོན་སྟེགས་བུ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་སྤྱོད་ཡོན་གཉིས་ལྡན་གྱི་དྲ་གྲགས་མི་སྣ་གདན་ཞུ་བྱས་ནས། མདོ་འཛིན་པ་དང་སྐུ་མགྲོན། སྐུ་མགྲོན་དང་གར་སྟེགས། གར་སྟེགས་དང་མདོ་འཛིན་པ་བཅས་ཀྱི་བར་ནས་དགའ་བའི་གཏམ་གླེང་སྤེལ་བ་དང་། སྐྱིད་པའི་གླུ་གཞས་ལེན་པ་སོགས་དགའ་སྐྱིད་འཛོམས་པའི་སྟོན་མོ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཅག་ཡུལ་དངོས་ལ་ཐོན་པ་ལྟ་བུའི་མྱོང་ཚོར་ཟབ་མོ་ཞིག་བསྐྲུན་རྒྱུ་རེད།

ཐེངས་འདིའི་ལོ་སར་གླུ་ཚོགས་ཀྱི་རོལ་དབྱངས་བཟོ་སྐྲུན་པ་རྒན་ཏན་ཏན་གྱིས་རོལ་དབྱངས་ཐད་ནས་སྤྱི་ཁྱབ་ལྟ་སྐུལ་པའི་འགན་བཞེས་པ་དང་། གླུ་ཚོགས་ཀྱི་རོལ་དབྱངས་ལ་མཚོན་ན་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་དུས་དར་རོལ་དབྱངས། རོལ་ཚོགས་གླུ་གཞས་སོགས་འདུས་པས། རྣམ་པ་གསར་པའི་གླུ་གཞས་མང་པོ་ཞིག་སྐུ་ཉིད་ཀྱི་མིག་གི་དཔྱིད་དང་རྣ་བའི་གསོས་སུ་འབུལ་རྒྱུ་ལགས།

མིང་གྲགས་ཆེ་བའི་རོལ་དབྱངས་བཟོ་སྐྲུན་པ་ཏན་ཏན་གྱིས། ཐེངས་འདིའི་གླུ་ཚོགས་ནི་ན་གཞོན་ཚོའི་བློ་ཁ་འཁྱེར་ཕྱོགས་གཙོ་བོར་བཟུང་ཞིང་། སྲོལ་རྒྱུན་གྱི་མི་རིགས་རོལ་ཆས་དང་དེང་རབས་གློག་རྡུལ་རོལ་ཆས་གཉིས་ཟུང་འབྲེལ་གང་ལེགས་བྱས་པ་མ་ཟད། དམངས་ཁྲོད་ཀྱི་དབྱངས་རྟ་རེ་རེ་ལ་དུས་རབས་ཀྱི་འགྱུར་ཁུགས་མངོན་པར་གསལ་བས། གླུ་ཚོགས་འདི་ལ་ལང་ཚོའི་ཉམས་འགྱུར་དང་གཞོན་པའི་ཟིལ་ཤུགས་འཛོམས་ཡོད་ཟེར།

ཐེངས་འདིའི་གར་སྟེགས་མཛེས་བཟོའི་ཐད་ནས་དུས་ཀྱི་མཚར་སྡུག་དང་དགེ་མཚན་མངོན་པར་གསལ་ཞིང་། ན་གཞོན་ཚོ་དུང་བ་ཆེ་བའི་གར་སྟེགས་ཇུས་འགོད་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་གཏོད་པས། ལྟད་མོ་བ་རྣམས་ལ་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་འབུལ་རྒྱུ་རེད།

ཐེངས་འདིའི་དགོང་ཚོགས་ནི་ལོ་སར་གྱི་སྨོན་འདུན་དང་བཀའ་དྲིན་རྗེས་དྲན། མཐོ་སྒང་གི་ཕུགས་འདུན་གསར་པ་བཅས་ཁག་གསུམ་ལ་བགོས་ཡོད། དམིགས་བསལ་དུ་བཀོད་སྒྲིག་བྱས་པའི་ཤམ་བྷ་ལའི་ཐད་གཏོང་ཁང་དུ། ལོ་སར་གླུ་ཚོགས་ནི་བོད་འབྲེལ་ས་ཁུལ་གྱི་ལོ་སར་དགྱེས་འཛོམས་རྐྱང་རྐྱང་ཞིག་མ་ཡིན་པར། སྨྱན་སྦྱོར་ཟུང་འབྲེལ་གྱི་སྤྱོད་སྟངས་ཤིག་ཀྱང་རེད། ང་ཚོས་དུས་ཀྱི་ཉམས་འགྱུར་མངོན་ཞིང་། ལང་ཚོའི་མཚར་སྡུག་བཀྲ་ལ། མི་རིགས་ཀྱི་ཁྱད་ཆོས་གསལ་བའི་གླུ་གཞས་རེ་རེ་བརྒྱུད་ནས། བོད་འབྲེལ་ས་ཁུལ་གྱི་བདེ་སྐྱིད་འཚོ་བ་དང་། འཕོ་འགྱུར་གསར་པ་མཚོན་པར་བྱ་རྒྱུ་ཡིན། ཐེངས་འདིའི་ལོ་སར་གླུ་ཚོགས་བརྒྱུད་ནས་ཚང་མ་དང་མཉམ་དུ་དོན་གྲུབ་པའི་༢༠༢༡ལོ་ཕར་ལ་བསྐྱལ་བ་དང་། བཀྲ་ཤིས་པའི་༢༠༢༢ལོ་ཚུར་ལ་བསུ་བར་བྱ།
ཡིག་སྒྱུར། མཁའ་འགྲོ་ཚེ་རིང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། ཞང་ཞུང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།







