བཀྲ་ཤིས་གཡང་ལོ་དགའ་བའི་གཏམ་གྱིས་བསུ།
| 2022-01-11 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ལོ་སར་ནི་ལོ་གཅིག་གི་རྟགས་དང་རྟེན་འབྲེལ་གྱི་མགོ་མ་རེད།

ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་སི་ཁྲོན་དཀར་མཛེས་ཁུལ་དང་རྔ་བ་ཁུལ། བོད་ལྗོངས་ལྷ་ས་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ཡུན་ནན་བདེ་ཆེན་ཁུལ། མཚོ་སྔོན་ཡུས་ཧྲུའུ་ཁུལ། ཀན་སུའུ་ཀན་ལྷོ་ཁུལ་བཅས་དང་། གཞན་ཡང་སི་ཁྲོན་ལིའང་ཧྲན་ཁུལ་མུ་ལི་རྫོང་སོགས་ཀྱི་ས་གནས་ཁག་གི་སྐུ་མགྲོན་ཚོ་དང་མཉམ་དུ། ཐེངས་དང་པོར་དཔྱིད་གསར་དུས་ཆེན་གྱི་ཆེད་སྒྲིག་ལེ་ཚན་ཕབ་སྐྲུན་བྱས་ནས། ཁྱེད་དང་མཉམ་དུ་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དཔལ་ལ་རོལ་བཞིན། ལོ་གཅིག་གི་རྫོགས་ལྡན་གསར་པ་ཚུར་ལ་བསུ་འགོ་ཚུགས་ཡོད།



གཏམ་དང་ཀུ་རེའི་བར་ནས་ལོ་སར་གླེང་། །
ཤགས་དང་གླུ་གར་ཁྲོད་ནས་སྒྱུ་རྩལ་འགྲན། །
བློ་དང་རིག་པའི་རྩེད་རིགས་ཅི་དགར་སྤེལ། །
ཟས་དང་གསོལ་སྟོན་སྣ་ཚོགས་ལོངས་སུ་སྤྱོད། །
དགའ་བའི་གཏམ་གྱིས་དཔྱིད་གསར་དུས་ཆེན་བསུ། །
སྤྲོ་བའི་འཛུམ་གྱིས་གནམ་ལོ་གསར་པར་རོལ། །
བཀྲ་ཤིས་དགའ་སྟོན་ཁ་བའི་ལྗོངས་ལ་འབུལ། །
བཀྲ་ཤིས་ཁ་གཡང་གངས་ཅན་བོད་ལ་སྒྲོག །



འདི་ལྟར་གནམ་གང་གི་དགུ་ཐུག་ལ་རོལ་བ་ནས་ཚེས་པ་དྲུག་གི་ལོ་སར་གྱི་སྨོན་ལམ་ཚུགས་པའི་བར་གྱི་ཉིན་བདུན་ལ། ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་ཚོ་དང་མཉམ་དུ། བཀྲ་ཤིས་གཡང་ལོ་དགའ་བའི་གཏམ་གྱིས་བསུ་བཞིན། ཚང་མ་དང་མཉམ་དུ་དགའ་དགའ་སྐྱིད་སྐྱིད་ངང་དཔྱིད་གསར་དུས་ཆེན་གྱི་དཔལ་ལ་རོལ་རྒྱུ་ཡིན་ལགས།


དེ་ཡང་བདེ་སྐྱིད་ཀྱི་འཛུམ་མདངས་ངོམ་པའི་འདྲ་པར་འཚོལ་སྡུད་བྱེད་སྒོ་སྤེལ་བ་ནས། བོད་འབྲེལ་ས་གནས་ཁག་གི་དྲ་ཐོག་ན་སྐད་གྲགས་ཆེ་བའི་སྐུ་མགྲོན་དང་། དམངས་སྲོལ་ཆེད་མཁས་པ་སོགས་གདན་གཅིག་ཏུ་འཛོམས་ནས། རྫོགས་ལྡན་གསར་པའི་བདེ་སྐྱིད་ཀྱི་དགའ་སྟོན་ཚུར་ལ་བསུས་ཤིང་། མི་རིགས་སོ་སོའི་སྤུན་ཟླ་ཚོ་དང་མཉམ་དུ་དཔྱིད་གསར་དུས་ཆེན་བསུ་བའི་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་བཤམས་ཏེ། འདས་པའི་ལོ་ངོ་གཅིག་གི་བདེ་སྐྱིད་ཀྱི་དྲན་པ་རེ་རེ་དང་། མ་འོངས་གནམ་ལོ་གསར་པའི་བདེ་སྐྱིད་ཀྱི་རེ་སྒུག་རེ་རེ་དགའ་བའི་གཏམ་དང་། སྐྱིད་པའི་གླུ་ཡི་ཁྲོད་ནས་བསུ་བཞིན་ཡོད་པས། ལྷག་བསམ་རྣམ་དག་གིས་ཁྱེད་ཅག་དཔྱིད་གསར་གྱི་དགའ་སྟོན་ལ་ཕེབས་པར་བསུ་མ་བྱེད་བཞིན་ཡོད་ལགས།

རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། ཞང་ཞུང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།







