དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བའི་སྐོར།
| 2023-04-19 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྱི་གྲོས་ཚོགས་ཐོག ༢༠༢༣ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་དུས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ཡག་མོ་ཡོང་བར་སྐུལ་འདེད་གཏོང་དགོས་ལ། གྲངས་སྤུས་གཉིས་ཀ་ལུགས་མཐུན་ངང་འཕར་སྣོན་བྱུང་དགོས་ཞེས་གསུངས་ཡོད། ད་ལོར་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་གི་ལས་འགན་ཤིན་ཏུ་ལྕི་ཞིང་དཀའ་ཚེགས་ཆེ་ཡང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་བརྟན་པོའི་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་བརྩོན་དང་། སྤུས་མཐོའི་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་འགོ་ཡག་མོ་བརྩམས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས་བཅོ་བརྒྱད་ཉིན་ལ་ཁྱབ་བསྒྲགས་བྱས་པའི་དཔལ་འབྱོར་སྟོན་གྲངས་གཙོ་བོ་ལྟར་ན། དུས་ཚིགས་དང་པོའི་ནང་དུ་ཐོན་སྐྱེད་དགོས་མཁོ་འཕར་སྣོན་བརྟན་པོ་བྱུང་ཞིང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡིན་ལ་དཔལ་འབྱོར་འཁོར་སྐྱོད་བྱེད་པར་འགོ་ཡག་མོ་བརྩམས་ཐུབ་ཡོད།
དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནི་སྒོར་དུང་ཕྱུར་འབུམ་གཉིས་ཁྲི་བརྒྱད་སྟོང་བཞི་དགུ་བརྒྱ་གོ་བདུན་ཡིན་ལ་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་བཞི་ཚེག་ལྔ་འཕར་བ་དང་། ༢༠༢༢ལོའི་དུས་ཚིགས་བཞི་པ་དང་བསྡུར་ན་བརྒྱ་ཆའི་གཉིས་ཚེག་གཉིས་འཕར་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རྒྱལ་ཁ་ཆེན་པོ་ཐོབ་རྗེས་ཀྲུང་གོའི་དཔལ་འབྱོར་རིམ་བཞིན་བརྟན་ཐོག་གོང་འཕེལ་བྱུང་བས། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་འཕེལ་བརྒྱུད་རིང་ཞིང་གསོན་ཤུགས་རབ་ཏུ་མངོན་ཡོད། ད་ལོར་དགོས་མཁོ་མུ་མཐུད་ནས་ལེགས་བཅོས་བྱུང་ཡོད། རྒྱལ་ཁབ་ཀྱིས་ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་བ་གཙོ་བོར་བཟུང་ཡོད། འཛད་སྤྱོད་སྐུལ་སློང་བྱེད་པའི་བྱེད་ཐབས་སོ་སོ་ལག་བསྟར་བྱས་ནས་ཚོང་རའི་ནང་ཕྱིར་འཚོང་སླར་གསོ་མགྱོགས་པོ་བྱུང་ཡོད་དེ། དུས་ཚིགས་དང་པོའི་ནང་དུ་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་སིལ་འཚོང་བསྡོམས་གྲངས་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་ལྔ་ཚེག་བརྒྱད་འཕར་ཞིང་། ཞབས་ཞུ་ལས་རིགས་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་ལྔ་ཚེག་བཞི་འཕར་པས། ན་ནིང་གི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་གནས་གསུམ་ཚེག་གཅིག་འཕར་ཡོད། བརྟན་འཇགས་རྒྱུ་ནོར་མ་གཏོང་ཚད་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་ལྔ་ཚེག་གཅིག་འཕར་ཞིང་། དེའི་ནང་སྤྱི་ཚོགས་དམངས་འཚོ་ཁྱབ་ཁོངས་ནང་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་བརྒྱད་ཚེག་གསུམ་འཕར་བས། དམངས་འཚོའི་ཕན་བདེ་ཇེ་མང་གཏོང་བར་མཐུན་རྐྱེན་བསྐྲུན་ཡོད། མཁོ་འདོན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད་དེ། དུས་ཚིགས་དང་པོར། ཞིང་ལས་འདེབས་འཛུགས་ལས་རིགས་རིན་ཐང་འཕར་མ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གསུམ་ཚེག་དྲུག་འཕར་ཡོད་ལ། འབྲུ་རིགས་ཉེན་མེད་དང་ཞིང་ལས་ཐོན་རྫས་གཙོ་བོའི་འགན་སྲུང་མཁོ་འདོན་དེ་བས་ཡག་པོ་བྱེད་ཐུབ་ཡོད། བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་དུ་སླར་གསོ་བྱུང་ནས། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གསུམ་འཕར་ཡོད་པ་དང་། ལོ་སྔོན་མའི་དུས་ཚིགས་བཞི་པ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་ཐིག་ཚེག་གསུམ་འཕར་ཡོད། དེའི་ནང་ནས་ཟླ་གསུམ་པར་བརྒྱ་ཆའི་གསུམ་ཚེག་དགུ་འཕར་ཡོད་དེ། འཕར་ཚད་ཟླ་བ་དང་པོ་དང་གཉིས་པ་ལས་བརྒྱ་ཆའི་གྲངས་གནས་གཅིག་ཚེག་ལྔ་འཕར་ཡོད་པ་རེད།
ཚོང་རའི་གསོན་ཤུགས་རིམ་བཞིན་ཇེ་ལེགས་ཕྱིན་ཡོད་ལ། ཚོང་གཉེར་བྱེད་མཁན་སྔོན་དཔག་ལས་ལེགས་སུ་ཕྱིན་ཡོད། དུས་ཚིགས་དང་པོར། གཞི་ཁྱོན་ཡན་གྱི་ཁེ་ལས་ཆུང་ཕྲན་གྱི་རིན་ཐང་འཕར་མ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གསུམ་ཚེག་གཅིག་འཕར་ཡོད་ལ། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཆུང་ཕྲན་གྱི་ཚོང་ལེགས་པའི་སྟོན་གྲངས་ཀྱང་ལོ་སྔོན་མའི་དུས་ཚིགས་བཞི་པ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་གཅིག་ཚེག་བདུན་འཕར་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མི་སེམས་སུ་ཟུག་པ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་པོར་ཆགས་ཡོད། དུས་ཚིགས་དང་པོར། མཇུག་མཐའི་འཛད་སྤྱོད་འགྲོ་གྲོན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆའི་རེ་དྲུག་ཚེག་དྲུག་ཡིན་པས།མ་རྩ་ལས་གྲུབ་པའི་སྤྱི་འབོར་གྱིས་བྱས་རྗེས་འཇོག་ཚད་ལས་མཐོ་བ་རེད། འཛད་སྤྱོད་རྨང་གཞིའི་རང་བཞིན་གྱི་ནུས་པ་རྒྱུན་མཐུད་དུ་ཇེ་དྲག་གཏོང་བ་དེས། ནང་མཁོ་རྒྱ་བསྐྱེད་དང་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་ལ་གཅིག་གྱུར་བཀོད་འདོམས་བྱེད་པར་ཕན་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོའི་སྒུལ་ཤུགས་དང་བརྟན་པོའི་རང་བཞིན་ཇེ་དྲག་གཏོང་ཐུབ།
དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ཞིང་། མཁོ་འདོན་མ་ལག་གི་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་དུ་མཐོར་འདེགས་བཏང་ཡོད། དུས་ཚིགས་དང་པོར། བཟོ་ལས་རིགས་ཆེན་པོའི་ལས་རིགས་ཞེ་གཅིག་ཁྲོད་ལས་རིགས་ཉེར་གསུམ་ལ་དུས་མཉམ་དང་བསྡུར་ན་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་ལ། ཁེ་ལས་ཉི་ཤུའི་རིན་ཐང་འཕར་མའི་འཕར་ཚད་ན་ནིང་གི་དུས་ཚིགས་བཞི་པ་ལས་གོང་མཐོར་ཕྱིན་ཡོད། དེའི་ནང་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་མངོན་གསལ་ཡིན་ལ། དུས་ཚིགས་དང་པོའི་རིན་ཐང་འཕར་མ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་ཚེག་གསུམ་འཕར་བས། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་བར་བྱས་རྗེས་འཇོག་ཚད་བརྒྱ་ཆའི་ཞེ་གཉིས་ཚེག་ལྔ་ཡིན། ལག་རྩལ་རྩེ་གྲའི་བཟོ་སྐྲུན་ལས་རིགས་ཀྱི་མ་གཏོང་དུས་མཉམ་བསྡུར་ན་བརྒྱ་ཆའི་བཅོ་ལྔ་ཚེག་གཉིས་འཕར་ཡོད། ཆུ་ཚད་མཐོ་བའི་སྒོ་འབྱེད་བརྟན་པོས་སྤེལ་ཏེ། དུས་ཚིགས་དང་པོར། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཞི་ཚེག་བརྒྱད་འཕར་ཡོད་ལ། རྒྱུད་གཅིག་ལམ་གཅིག་འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་དྲུག་ཚེག་བརྒྱད་འཕར་ཡོད། ཟླ་བ་ སྔོན་མ་གཉིས་ནང་། དངོས་སུ་བེད་སྤྱོད་བཏང་བའི་ཕྱི་དངུལ་བརྒྱ་ཆའི་དྲུག་ཚེག་གཅིག་འཕར་ཡོད།
འགོ་འཛུགས་ས་ནས་ཁྱོན་ཡོངས་ལ་བལྟས་ནས། ཀྲུང་གོའི་དཔལ་འབྱོར་ལ་ཐེག་ཤུགས་ཆེ་བ་དང་གཏིང་ཤུགས་ཆེ་བ། གསོན་ཤུགས་འཛོམས་པས་དུས་ཡུན་རིང་པོར་ཇེ་ཡག་ཏུ་འགྲོ་བར་འགྱུར་བ་བྱུང་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞིའི་སེམས་པ་གཅིག་ཏུ་ཕྱོགས་ཤིང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་གྱིས་མུ་མཐུད་དུ་ངོ་མཚར་དང་གྲུབ་འབྲས་གསར་པ་གཏོད་ངེས་རེད།




