རང་རྒྱལ་དུ་ནར་སོན་པའི་རྒྱལ་འབངས་ཀྱི་སྣ་འཛོམས་དཔེ་ཆ་ཀློག་ཚད་དེ་༢༠༡༢ལོའི་བརྒྱ་ཆའི་དོན་དྲུག་ཚེག་གསུམ་ནས་༢༠༢༢ལོའི་བརྒྱ་ཆའི་གྱ་གཅིག་ཚེག་གཅིག་ལ་འཕར་ཡོད་ལ།
| 2023-04-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པར་མཐོང་ཆེན་པོ་གནང་བཞིན་ཡོད་ལ། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ཧུར་ཐག་སྒོས་སྤེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དཔེ་ཀློག་གང་མང་བྱེད་ཅིང་། དཔེ་ཀློག་གི་སྲོལ་བཟང་དར་བའི་སྤྱི་ཚོགས་འཛུགས་སྐྱོང་བྱས་ཏེ། མི་དམངས་ཀྱི་བསམ་པའི་གོ་རྟོགས་ཇེ་དྲག་གཏོང་བ་དང་། མི་དམངས་ཀྱི་རིག་སྟོབས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་གཏིང་ཇེ་ཟབ་ཏུ་གཏོང་དགོས་ཞེས་གསུངས་ཡོད། ཚེས་ཉེར་གསུམ་ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཨང་ཉེར་བརྒྱད་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འབོད་སྐུལ་བཏང་ནས། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་ཅིང་། རྒྱང་སྐྱོད་གསར་པའི་ལམ་བུར་སྐྱོད་པར་བསམ་པའི་སྟོབས་ཤུགས་དང་རིག་གནས་ཀྱི་རམ་འདེགས་ཆེན་པོ་གནང་བཞིན་མཆིས།
ཁྱབ་བསྒྲགས་བྱེད་པའི་རྒྱལ་ཡོངས་རྒྱལ་དམངས་དཔེ་ཀློག་ཞིབ་བཤེར་སྙན་ཞུ་གསར་པ་ལྟར་ན། རང་རྒྱལ་དུ་ནར་སོན་པའི་རྒྱལ་འབངས་ཀྱི་སྣ་འཛོམས་དཔེ་ཆ་ཀློག་ཚད་དེ་༢༠༡༢ལོའི་བརྒྱ་ཆའི་དོན་དྲུག་ཚེག་གསུམ་ནས་༢༠༢༢ལོའི་བརྒྱ་ཆའི་གྱ་གཅིག་ཚེག་གཅིག་ལ་འཕར་ཡོད་ལ། ནར་མ་སོན་པའི་དཔེ་ཆ་དཔེ་ཀློག་ཚད་དེ་༢༠༡༢ལོའི་བརྒྱ་ཆའི་དོན་བདུན་ནས་༢༠༢༢ལོར་བརྒྱ་ཆའི་གྱ་བཞི་ཚེག་བཞིར་འཕར་ཡོད། ལོ་བཅུའི་རིང་ལ་མི་རེའི་ཆ་སྙོམས་ཤོག་བུའི་དཔེ་ཆ་དང་གློག་རྡུལ་དཔེ་ཆ་ཀློག་ཚད་བརྟན་པོས་འཕར་ཡོད་ལ། དཔེ་ཆ་ཀློག་མཁན་མངོན་སུམ་ཇེ་མང་ཕྱིན
ལོ་གཅིག་གི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་དམངས་ཡོངས་དཔེ་ཀློག་ཚོགས་ཆེན་སྐབས་དང་པོ་འཚོག་པར་རྟེན་འབྲེལ་ཞུས་ཏེ། ཁོང་གིས་དཔེ་ཀློག་ནི་མིའི་རིགས་ཀྱིས་ཤེས་བྱ་ཤེས་ཤིང་བློ་རིག་འཕེལ། ཀུན་སྤྱོད་བཟང་པོ་ཆགས་པའི་བྱེད་ཐབས་བཟང་ཤོས་ཡིན་ཏེ། མི་རྣམས་ཀྱི་བློ་སྒོ་འབྱེད་ཅིང་། བླ་ན་མེད་པའི་ཕུགས་འདུན་སྐྱེད་དུ་བཅུག་ལ། བློ་ཁོག་ཡངས་ཤིང་གཞུང་རྒྱུད་དྲང་བ་ཞིག་ཏུ་ཆགས་ཐུབ་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་ཀྱིས་འགོ་ཁྲིད་ནས་དཔེ་ཆ་ཀློག་པ་དང་། ལུས་སེམས་བཙོ་སྦྱོང་བྱས་ནས། འཇོན་ཐང་ཇེ་ཆེར་གཏོང་དགོས་ལ། བྱིས་པ་ཚོར་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཆགས་ཤིང་། སེམས་སྣང་སྐྱིད་པོས་དཔེ་ཆ་ཀློག་པ་དང་། བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས། སྤྱི་ཚོགས་ཧྲིལ་པོས་དཔེ་ཀློག་ནང་ཞུགས་ནས། དཔེ་ཆ་ཀློག་རྒྱུར་དགའ་བ་དང་དཔེ་ཆ་ཡག་མོ་ཀློག་པ། དཔེ་ཆ་ཀློག་མཁས་པའི་ཁོར་ཡུག་ཡག་མོ་ཆགས་པར་བྱ་དགོས་ཞེས་སྐུལ་མ་གནང་ཡོད།
ཀྲུང་གོའི་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་གླིང་གི་འགོ་འཛིན་ཝེ་ཡུས་ཧྲན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་ཤིས་འཕྲིན་འདི་ནི་དམངས་ཡོངས་དཔེ་ཀློག་ལས་ཀའི་སྲུང་བྱ་གལ་ཆེན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་གྱི་མཛུབ་སྟོན་འོག རྒྱལ་ཡོངས་ས་གནས་ཁག་གིས་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་འཛོམས་ཀྱི་དཔེ་ཀློག་བྱེད་སྒོ་གང་མང་སྤེལ་ཡོད། མ་འོངས་པར་དམངས་ཡོངས་དཔེ་ཀློག་དེ་མི་དམངས་ཀྱི་འཚོ་བའི་ནང་དུ་རིག་གནས་བྱེད་སྒོ་གལ་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་ཅེས་བཤད།
དཔེ་ཆ་མང་པོ་ཀློག་ནས་དཔེ་ཀློག་དར་བའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཉམས་ལེན་འབད་སྒྲུབ་དང་མིག་དཔེ་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་ས་གནས་མང་པོ་ནས་ཁོང་དང་དཔེ་དེབ་བར་གྱི་ལས་འབྲེལ་གླེང་ཞིང་། ཚང་མར་དཔེ་ཆ་ཀློག་པར་དགའ་བ་དང་དཔེ་ཆ་ཡག་པོ་ཀློག་པ། དཔེ་ཆ་ཀློག་མཁས་པའི་འབོད་སྐུལ་བཏང་བ་རེད། ༢༠༡༩ལོའི་ཟླ་དགུ་པར། རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་རྒན་པར་འཕྲིན་ལན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གིས་ཞབས་ཞུའི་བྱེད་ཐབས་གསར་གཏོད་དང་དམངས་ཡོངས་དཔེ་ཀློག་བྱེད་པར་སྐུལ་མ་བཏང་ནས། མི་དམངས་ཀྱི་བསམ་པའི་རིག་བཅུད་དགོས་མཁོ་ཡག་པོ་བསྐོང་བའི་རེ་བ་བཏོན་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབོད་སྐུལ་ལྷོད་མེད་དང་སྐུ་དངོས་སུ་སྐུལ་སྤེལ་བཏང་བ་བརྒྱུད། རྒྱལ་ཡོངས་ས་གནས་སོ་སོས་ཕུན་སུམ་ཚོགས་པའི་དཔེ་ཀློག་བྱེད་སྒོ་མང་པོ་སྤེལ་ནས། ཀྲུང་ཧྭའི་ས་ཆེན་ཡོངས་ལ་དཔེ་ཀློག་གི་དྲི་བསུང་ལྡང་ནས། དམངས་ཡོངས་ཀྱི་དཔེ་ཀློག་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་ཕྱིན་གྱིན་ཡོད། ༢༠༡༤ལོ་ནས་བཟུང་། དམངས་ཡོངས་དཔེ་ཀློག་བསྟུད་མར་ལོ་བཅུའི་ནང་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ནང་བཀོད་ཡོད། ༢༠༡༦ལོར། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཁྲོད་དམངས་ཡོངས་དཔེ་ཀློག་དེ་རིག་གནས་ལས་གཞི་གལ་ཆེན་དུ་བརྩིས་ནས། དམངས་ཡོངས་དཔེ་ཀློག་གི་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད་ཁྱབ་བསྒྲགས་བྱས་ཏེ། དམངས་ཡོངས་དཔེ་ཀློག་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་སྤར་བ་རེད། ༢༠༢༠ལོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་དམངས་ཡོངས་དཔེ་ཀློག་ལས་ཀ་གོང་དུ་སྤེལ་བའི་སྐོར་གྱི་བསམ་འཆར་དཔར་འགྲེམས་བྱས་ཡོད། ༢༠༢༡ལོར། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་རྩ་གནད་ཁྲོད། དམངས་ཡོངས་དཔེ་ཀློག་ཟབ་སྤེལ་བྱས་ནས། དཔེ་ཀློག་དར་བའི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས་ཞེས་མངོན་གསལ་བཏོན། ཉེ་བའི་ལོ་ཤས་རིང་། ས་གནས་ཁག་དང་སྡེ་ཁག་སོ་སོས་སྲིད་ཇུས་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་གཏོང་བ་དང་བསྟུན། དམངས་ཡོངས་དཔེ་ཀློག་རྨང་གཞིའི་སྒྲིག་ཆས་སྔར་ལས་འཐུས་ཚང་དང་། ལམ་ལུགས་ནང་རྐྱེན་སྔར་ལས་འཐུས་ཚང་ཕྱིན་ཡོད། རྒྱལ་ཡོངས་སུ་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་བརྒྱ་ཆའི་བརྒྱད་ཅུ་ཡིས་དམངས་ཡོངས་དཔེ་ཀློག་བྱེད་སྒོ་སྤེལ་བཞིན་ཡོད་ལ། ཀྲུང་གོའི་དཔེ་ཆ་བཟང་པོའི་ལོ་འཁོར་རྒྱས་ཚོགས་དང་། དུས་རབས་གསར་པའི་གྲོང་གསེབ་དཔེ་ཀློག་དུས་ཚིགས་སོགས་དཔེ་ཀློག་བྱེད་སྒོ་རྒྱུན་མཐུན་ངང་སྤེལ་ནས། ཀུན་གྱིས་དཔེ་ཀློག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། དེང་སང་། ཤར་རྒྱུད་མཚོ་འགྲམ་ནས་ནུབ་རྒྱུད་མཐའ་མཚམས་བར་དང་། བྱང་རྒྱུད་གླིང་སྣེ་ནས་ལྷོ་རྒྱུད་གླིང་ཕྲན་བར་ལ་སོགས། རྒྱལ་ཡོངས་སུ་སྤྱི་པའི་དཔེ་མཛོད་ཁང་སུམ་སྟོང་སུམ་བརྒྱ་ཙམ་དང་། དཔེ་འཚོང་ཁང་འབུམ་གཅིག ཞིང་ཁྱིམ་དཔེ་ཁང་ལྔ་འབུམ་བརྒྱད་ཁྲི་བདུན་སྟོང་ལྷག་བཙུགས་ནས། བྱེད་ཐབས་སྣ་མང་དང་དཔེ་ཆ་ཀློག་འདོན་བྱེད་སླ་བའི་ཁོར་ཡུག་བསྐྲུན་ནས། མི་དམངས་མང་ཚོགས་ཀྱི་དཔེ་ཀློག་ལོངས་སྤྱོད་དང་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་གཏོང་ཞིང་། རིག་གནས་དར་སྲོལ་གྱི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད།
རྒྱང་སྐྱོད་གསར་པའི་ནང་བསྐྱོད་པར། རང་སྟོབས་རང་སྤེལ་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་དགོས། དམངས་ཡོངས་ཀྱིས་སློབ་སྦྱོང་དང་མི་ཚེ་གང་པོར་སློབ་སྦྱོང་བྱེད་པའི་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་རིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རིག་གཞུང་སློབ་སྦྱོང་ལ་དེ་བས་མཐོང་ཆེན་བྱེད་བཞིན་ཡོད་དེ། ཚང་མས་སྣེ་ཁྲིད་ནས་དཔེ་ཀློག་དང་སློབ་སྦྱོང་། ལུས་སེམས་སྦྱོང་བརྡར་ཡག་པོ་བྱས་ནས། འཇོན་ཐང་ཇེ་ཆེ་རུ་གཏོང་དགོས་ཞེས་གསུངས།
ཀྲུང་དབྱང་ཏང་གི་སློབ་གྲྭའམ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཧྲེན་ཁྲོན་ལིའང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པའི་རིགས་གཞུང་སློབ་སྦྱོང་ལ་མཐོང་ཆེན་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མི་འགྱུར་རྡོ་རྗེ་ནང་བཞིན་བཙོ་སྦྱོང་བྱེད་དགོས་ན། ཚན་རིག་རིགས་གཞུང་གིས་བསམ་བློར་ངེས་པར་དུ་དྲག་ཆས་སྤྲས་དགོས་ཞེས་ནན་གསུངས་གནང་བ་དེས། ང་ཚོས་སློབ་སྦྱོང་བྱས་ནས་མ་འོངས་མདུན་མ་བསུ་དགོས་པར་གལ་བོ་ཆེན་ལ་ནན་གསུངས་གནང་བ་རེད། དེང་སང་འཛམ་གླིང་ཐོག་ཤེས་བྱ་གསར་པ་འཕེལ་ཚད་སྔར་ལས་མགྱོགས་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དེ་བས་མགྱོགས་པོར་ཕྱིན་ཞིང་། སྤྱི་ཚོགས་ལག་ལེན་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། ང་ཚོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་བརྟན་འགྱུར་མེད་ཀྱིས་རིགས་གཞུང་སློབ་སྦྱོང་དང་། ཁྱད་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་བྱས་ན། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་གསར་པར་སྐུལ་འདེད་གཏོང་བར་བློ་སྒོ་འབྱེད་པ་དང་དཔའ་ངར་ཆེན་པོས་མདུན་བསྐྱོད་དེ།བཀོད་ཟིན་པའི་དམིགས་འབེན་ད་གཟོད་འགྲུབ་ཐུབ་ཅེས་བཤད།




