ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རིག་རྩལ་བོད་སྐྱོར་ཞེས་པའི་བརྙན་འཕྲིན་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲེང་ཏུའུ་ནས་འཚོགས།
| 2024-09-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་དགུ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རིག་རྩལ་བོད་སྐྱོར་ཞེས་པའི་བརྙན་འཕྲིན་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཁྲེང་ཏུའུ་ནས་འཚོགས། ཐེངས་འདིའི་གསོ་སྦྱོང་བྱེད་སྒོ་ནི་ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། སི་ཁྲོན་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ལ། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཡན་ལག་ཏང་རྩ་འཛུགས་ཀྱི་ཁོངས་མི། དྲུང་ཡིག་ཆེན་མོ་གཞོན་པ་ཏུང་ཐའོ་དང་། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལིའུ་ཁྲེང་ཨན། སི་ཁྲོན་ཞིང་ཆེན་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་ཧུང་ཞིན་སོགས་མགོ་ཚུགས་མཛད་སྒོར་ཕེབས་ཤིང་། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་བརྙན་འཕྲིན་རྐང་འཛིན་མི་སྣ་དྲུག་ཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་དང་ལས་འགན་གཙོ་བོ་ནི། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་མི་རིགས་ལས་དོན་གྱི་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་བོར་འཛིན་པ་རྒྱུ་འཁྱོངས་བྱས་ནས་ཀྲུང་གོའི་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རིག་རྩལ་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ནན་མོ་གཏོང་བ། གྲངས་ཉུང་མི་རིགས་ས་ཁུལ་གྱི་བརྙན་འཕྲིན་ལས་སྒྲུབ་པའི་ཆབ་སྲིད་སྣེ་ཁྲིད་དང་། བསམ་བློའི་སྣེ་ཁྲིད། རིན་ཐང་ལྟ་བའི་སྣེ་ཁྲིད་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་བརྙན་འཕྲིན་སྒྱུ་རྩལ་འཇོན་མིའི་བསམ་བློའི་ངོས་འཛིན་དང་ལས་ཀའི་འཇོན་ནུས་མཐོ་རུ་གཏོང་བ། སྨྱན་སྦྱོར་ལས་ཁུངས་གཙོ་བོ་དག་གི་གླེང་ཕྱོགས་གཡུལ་ས་སྲ་བརྟན་དུ་གཏོང་བ། གཞི་རིམ་སྨྱན་སྦྱོར་ཀུན་འདུས་ཀྱི་ནང་དོན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་རེད།

ཐེངས་འདིའི་གསོ་སྦྱོང་ལ། ཀྲུང་གོའི་སྒྱུ་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་སྒྱུ་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་མིང་ཆོན་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་སྒྲ་བརྙན་གསར་འགྱུར་དང་བརྒྱུད་སྒྲོག་ཞིབ་འཇུག་ཁང་གི་ཀྲུའུ་རེན། འཛམ་གླིང་སྨྱན་སྦྱོར་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ། ཞིབ་འཇུག་པ་ལེང་སུང་། ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་གྱི་སྒྱུ་རྩལ་རིག་པའི་སྡེ་ཁག་གི་འགོ་འཛིན་གཞོན་པ། དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཕེང་ཝུན་ཞང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། སི་ཁྲོན་སྲིད་འཛིན་སློབ་གླིང་གི་སྤྱི་བའི་དོ་དམ་སློབ་དཔྱོད་ཁང་གི་ཀྲུའུ་རེན་དབྱང་ཅི་རུང་སོགས་བསམ་བློ་ཆབ་སྲིད་དང་རིག་གནས་སྒྱུ་རྩལ། བརྙན་འཕྲིན་བཟོ་སྐྲུན་སོགས་ཀྱི་ལས་རིགས་ཁྲོད་ནས་མིང་དུ་གྲགས་པའི་ཆེད་མཁས་པ་གདན་དྲངས་ནས་སློབ་མ་རྣམས་ལ་བསམ་བློ་ཆབ་སྲིད་དང་། རིག་གནས་སྒྱུ་རྩལ་གསར་རྩོམ། དུས་དར་བརྙན་ཐུང་ཕབ་སྐྲུན། དྲ་བའི་སྒྲ་བརྙན་སྒྱུ་རྩལ་གསར་རྩོམ་སོགས་ཀྱི་ཐད་ནས་སློབ་སྟོན་གང་ལེགས་གནང་བ་རེད།


གཞན་ཡང་ཐེངས་འདིའི་གསོ་སྦྱོང་སྤེལ་བའི་རིང་ལ་སློབ་མ་རྣམས་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སི་ཁྲོན་ལྟ་ཞིབ་དང་ཁམས་པའི་བརྙན་འཕྲིན་ཁང་སོགས་ལ་ལྟ་སྐོར་དང་སློབ་སྦྱོང་དུ་ཁྲིད་ནས། བསམ་བློ་གསར་པ་དང་འདུ་ཤེས་གསར་པ། ལག་ལེན་གསར་པ་སོགས་བརྙན་འཕྲིན་ལས་སྒྲུབ་པའི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་སྐོར་ཞིག་ལ་རྒྱུས་ལོན་དང་ངོས་འཛིན་འབྱུང་དུ་བཅུག་པས། བོད་རིགས་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་བརྙན་འཕྲིན་ལས་སྒྲུབ་པ་དག་གི་གསར་རྩོམ་གྱི་སྤོབས་པ་དང་སྤྲོ་སྣང་ཆེ་རུ་བསྐྱེད་པ་དང་། གཞི་རིམ་གྱི་བརྙན་འཕྲིན་ལས་སྒྲུབ་པ་དག་གི་བསམ་བློའི་བྱང་ཚད་དང་ལས་ཀའི་འཇོན་ནུས་མཐོ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




