སྨན་སྣ་གསར་པ་91སྨན་བཅོས་ཉེན་འགོག་འགན་སྲུང་ནང་བཞག་འདུག
| 2024-11-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཞིན་ཧྭ་གསར་འགྱུར་ཁང་གིས་དབང་ལྡན་མྱུར་འཕྲིན་སྤེལ་བ་ལྟར་ན་སྨན་སྣ་གསར་པ་91སྨན་བཅོས་ཉེན་འགོག་འགན་སྲུང་ནང་བཞག་ནས་རྒྱལ་ཁབ་སྨན་བཅོས་ཉེན་འགོག་འགན་སྲུང་གི་སྨན་རྫས་དཀར་ཆག་གསར་པ་སྤྱི་བསྒྲགས་བྱས་འདུག
རྒྱལ་ཁབ་སྨན་བཅོས་ཉེན་འགོག་འགན་སྲུང་ཅུས་ཀྱིས་ཟླ་11པའི་ཚེས་28ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་སྨན་བཅོས་ཉེན་འགོག་འགན་སྲུང་གི་སྨན་རྫས་དཀར་ཆག་གསར་པ་ལེགས་སྒྲིག་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཐེངས་འདིའི་ལེགས་སྒྲིག་ནང་བསྡོམས་པའི་སྨན་རྫས་རིགས་91གསར་དུ་སྣོན་ཡོད་ལ། གསར་སྣོན་སྨན་རིགས་དེ་དག་ཁྲོད་སྐྲན་ནད་སྨན་རིགས་དང་། གཅིན་པ་མངར་འགྱུར་གྱི་ནད་སོགས་དལ་ནད་ཀྱི་སྨན་རིགས། མཐོང་དཀོན་ནད་ཀྱི་སྨན་རིགས། གཉན་འགོག་སྨན་རིགས། ཀྲུང་ལུགས་བཟོས་སྨན། དེ་མིན་སྨྱོ་ནད་སོགས་ཀྱི་སྨན་རིགས་སམ་སྨན་རྫས་སྣ་ཚོགས་འདུས་ཡོད་པ་རེད། དུས་མཚུངས་སུ་ནད་ཐོག་ལག་ལེན་སྐབས་ཚབ་བྱས་པའམ་དུས་ཡུན་རིང་པོར་ཐོན་སྐྱེད་མཁོ་འདོན་མ་བྱས་པའི་སྨན་སྣ་43ལེགས་སྒྲིག་བྱས་ཡོད་པ་རེད།
སྨན་བཅོས་ཉེན་འགོག་འགན་སྲུང་ཅུས་བཙུགས་པ་ནས་བཟུང་། རྒྱལ་ཁབ་སྨན་བཅོས་ཉེན་འགོག་འགན་སྲུང་ཅུས་ཀྱིས་བསྟུད་མར་ལོ་བདུན་རིང་སྨན་བཅོས་ཉེན་འགོག་འགན་སྲུང་གི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་ཀ་བསྒྲུབས་ཡོད་དེ། ཐེངས་འདིར་ལེགས་སྒྲིག་བྱས་རྗེས་སྨན་རྫས་དཀར་ཆག་ནང་དུ་བསྡོམས་པའི་སྨན་རིགས་3159ཇེ་མང་འགྲོ་རྒྱུ་དང་། སྐྲན་ནད་དང་དལ་ནད། མཐོང་དཀོན་ནད་རིགས། ད་དུང་བྱིས་པའི་སྨན་སོགས་ཁྱབ་ཁོངས་འདི་དག་གི་སྨན་གྱི་འགན་སྲུང་ཆུ་ཚད་ཇེ་མཐོར་འགྲོ་རྒྱུ་ཡིན་པ་རེད།
རྒྱལ་ཁབ་སྨན་བཅོསཉེན་འགོག་འགན་སྲུང་ཅུས་ཀྱི་སྨན་རྫས་དཀར་ཆག་གསར་པ་དེ་2025ལོའི་ཟླ་1པོའི་ཚེས་1ཉིན་ནས་བཀོལ་སྤྱོད་བྱ་རྒྱུ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




