༄༅།། གནམ་ལོ་གསར་པའི་སྨོན་འདུན་དུང་གི་སྒྲ་དབྱངས།
| 2025-01-01 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
བཀྲ་ཤིས་གནམ་ལོ་གསར་པའི་མཁའ་དབྱིངས་ནས། །
བཀྲ་ཤིས་ཉི་གཞོན་གསར་པ་ཚུར་ལ་ཤར། །
བཀྲ་ཤིས་རྫོགས་ལྡན་གསར་པའི་དུས་སྟོན་ལ། །
བཀྲ་ཤིས་སྨོན་འདུན་གསར་པ་ཁྱེད་ལ་འབུལ། །

སྟོང་གསུམ་སྟོང་གི་འཇིག་རྟེན་ཀློང་ཡངས་ནས། །
ཟླུམ་གཟུགས་ས་ཡི་གོ་ལའི་རྒྱུ་སྐར་འདི། །
རིས་མེད་འགྲོ་བ་ཡོངས་ཀྱི་གཞིས་ཁྱིམ་ཡིན། །
འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ། །

མཚོ་བཞི་གླིང་ལྔས་གྲུབ་པའི་ས་སྒང་གི །
དབང་ཕྱོགས་འཛིན་མའི་དགའ་ཚལ་ཡངས་པོ་འདི། །
ང་དྲུག་མི་རིགས་ཡོངས་ཀྱི་གཞིས་ཁྱིམ་ཡིན། །
རྒྱལ་ཁམས་སྟོབས་འབྱོར་རྒྱས་པའི་སྨོན་འདུན་ཞུ། །

འཛམ་གླིང་འཛིན་མའི་ཏོག་ཏུ་སྒྲེང་བ་ཡི། །
ཁ་བ་གངས་ཀྱི་རི་བོའི་ཞིང་ཁམས་འདི། །
སྒང་བའི་མི་རིགས་འདི་ཡི་གཞིས་ཁྱིམ་ཡིན། །
བོད་ལ་རླུང་རྟ་དར་བའི་སྨོན་འདུན་ཞུ། །

ཕ་གཞིས་གཡང་གི་ར་བའི་གུར་ཁྱིམ་ནས། །
ཡིག་དྲུག་དབྱངས་སུ་འགུགས་པའི་ལོ་ལོན་འདི། །
ཕ་ཁྱིམ་དྲོན་མོ་འདི་ཡི་བསོད་ནམས་ཡིན། །
རྒན་པ་ཚེ་ཐག་རིང་བའི་སྨོན་འདུན་ཞུ། །
ལྔ་རིག་འོ་མཚོ་འཁྱིལ་བའི་ལྡིང་ཁང་ནས། །
དབྱངས་གསལ་བཅུད་ལ་རོལ་བའི་ཁྱུ་ཚོགས་འདི། །
རིགས་ཀྱི་བདག་པོ་སྐྱོང་བའི་གཞི་མ་ཡིན། །
གཞོན་པ་འདབ་ལག་རྒྱས་པའི་སྨོན་འདུན་ཞུ། །
དུང་སེམས་དར་སྐུད་རིང་མོའི་ཁུགས་པ་ནས། །
བརྩེ་བའི་ཞགས་མདུད་རིང་ནས་སྦྲེལ་བ་འདི། །
བདེ་སྐྱིད་ཉི་གཞོན་བསུ་བའི་དཔང་རྟགས་ཡིན། །
ནང་མི་དགྱེས་འཛོམས་ཡོང་བའི་སྨོན་འདུན་ཞུ། །

དྲི་མེད་ལྷག་བསམ་གཙང་མས་ཉེར་དྲངས་ནས། །
ཟོལ་མེད་གཏམ་གྱི་རོལ་ཚོགས་སྤེལ་བ་འདི། །
གནམ་ལོ་གསར་པ་བསུ་བའི་ཞུ་འཕྲིན་ཡིན། །
ཅི་བསམ་དོན་ཀུན་འགྲུབ་པའི་སྨོན་འདུན་ཞུ། །
འདྲ་པར་ཡོང་ཁུངས། དྲ་ཐོག
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




