ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་འཐུས་ཚབ་པ་ཨུ་རུ་སུ་ལ་མངགས་ནས་དམག་མཚམས་འཇོག་པར་གྲོས་མཐུན་གཞག་རྒྱུའི་རེ་བ་བྱས།
| 2025-03-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ས་གནས་དེ་གའི་དུས་ཚོད་ཟླ་༣ཚེས་༡༢ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཨ་རིའི་འཐུས་ཚབ་པ་ཨུ་རུ་སུར་མངགས་ནས་དམག་མཚམས་འཇོག་པར་གྲོས་མཐུན་གཞག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། དུས་མཚུངས་སུ་ཁོང་གིས་དམག་མཚམས་གཞག་རྒྱུའི་ཕྱོགས་ནས་ཕན་པ་ཆེ་བའི་ཆ་འཕྲིན་ཁག་ཅིག་འབྱོར་ཡོད་པ་བཤད།
ཐེ་རོན་ཕུའུ་ཡིས་གཟའ་འཁོར་འདིའི་ནང་གཅིག་བྱས་ན་ཕུའུ་ཅིང་དང་གླེང་མོལ་བྱ་རྒྱུ་ཡིན་ཟེར།
ཚེས་༡༡ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་གསར་འགོད་པས་གཟའ་འཁོར་འདིར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གླེང་མོལ་བྱེད་མིན་སྐོར་འདྲི་སྐབས་གླེང་མོལ་བྱ་རྒྱུ་གཏན་ཁེལ་ཡིན་པའི་ལན་བཏབ། དེའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཡོད་པའི་མི་སྣ་ཞིག་གིས་བཤད་རྒྱུར་ཐེ་རོན་ཕུའུ་དང་ཕུའུ་ཅིང་གཉིས་ཀྱིས་ཚེས་༡༤ཉིན་གཅིག་བྱས་ན་ཁ་པར་གཏོང་རྒྱུ་རེད་ཟེར། ཚེས་༡༡ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུའི་ཕྱོགས་ཀྱིས་ཉེ་བའི་ཉིན་འགའི་ནང་ཨ་རིའི་འཐུས་ཚབ་པར་འབྲེལ་གཏུག་བྱེད་ཤོས་ཆེ་ཟེར།
ཐེ་རོན་ཕུའུ་ཡིས་གལ་སྲིད་ཨུ་རུ་སུས་མུ་མཐུད་དེ་དམག་འཁྲུག་རྒྱག་ན་རྩ་བརླག་རང་བཞིན་གྱི་དངུལ་རྩའི་མཇུག་འབྲས་དབྱུང་སྲིད་པ་བསྟན།
ཚེས་༡༢ཉིན་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་ཁོང་གིས་ཨུ་རུ་སུས་ཉིན་༣༠རིང་གནས་སྐབས་དམག་མཚམས་གཞག་རྒྱུར་མོས་མཐུན་བྱ་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ཨུ་རུ་སུས་ཡུག་རེན་ལ་མུ་མཐུད་དེ་དམག་འཁྲུག་རྒྱག་ན་རྩ་བརླག་རང་བཞིན་གྱི་དངུལ་རྩའི་མཇུག་འབྲས་དབྱུང་སྲིད་པ་བསྟན།
ཨུ་རུ་སུས་ཨུ་རུ་སུ་ཕྱོགས་ཀྱི་ཆ་རྐྱེན་གཞིར་བཟུང་ནས་གྲོས་ཆིངས་གཏན་འབེབས་བཟོ་དགོས་པ་བཤད།
ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་གཞོན་པ་ཁང་སི་ཐན་ཏིན·ཁོ་ས་ཆེ་ཕུའུ་ཡིས་ཚེས་༡༢ཉིན་སྤྱི་ཚོགས་འབྲེལ་འདྲིས་འཕྲིན་སྦྱོར་ཐོག་ཡུག་རེན་སྐོར་གྱི་གྲོས་མཐུན་གང་ཞིག་ཡིན་རུང་གཙོ་བོ་ཨུ་རུ་སུ་ཕྱོགས་ཀྱི་ཆ་རྐྱེན་གཞིར་བཟུང་དགོས་པ་ལས་ཨ་རིའི་ཕྱོགས་ཀྱི་ཆ་རྐྱེན་གཞིར་བཟུང་རྒྱུ་མེད། ཨ་རིས་དོན་དེ་ངེས་པར་དུ་ཤེས་དགོས་པ་བཤད།
ཙེ་ལན་སི་ཅི་ཡིས་མངའ་ཁོངས་ཁོངས་གཏོགས་ཀྱི་དམར་ཐིག་ལས་བརྒལ་བའི་གྲོས་བསྡུར་གང་ཡང་བྱ་མི་ཆོག་པ་བསྟན།
ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་༡༢ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་ཐོག་ཡུག་རེན་གྱིས་ཨུ་རུ་སུས་བཙན་བཟུང་བྱས་པའི་མངའ་ཁོངས་ཨུ་རུ་སུའི་ཁོངས་སུ་གཏོགས་པ་ཁས་ལེན་མི་སྲིད་ཅེས་བཤད་པ་མ་ཟད། ཁོང་གིས་ད་དུང་མངའ་ཁོངས་སླར་གསོ་བྱ་ཆེད་ཡུག་རེན་གྱིས་མི་སྣ་ཤི་རྨས་ཧ་ཅང་ཆེན་པོ་ཕོག་ཡོད་པས་དེ་ནི་ཡུག་རེན་གྱི་དམར་ཐིག་གལ་ཆེ་ཤོས་ཡིན་ཞེས་བཤད་ཡོད།
ཙེ་ལན་སི་ཅི་ཡིས་ཡུག་རེན་དང་ཨ་རིའི་མཉམ་འབྲེལ་གསལ་བསྒྲགས་ལས་བདེ་འཇགས་འགན་ལེན་ཐད་ནས་ཕན་པ་ཆེ་བའི་བརྡ་བསྟན་ཡོད། གལ་སྲིད་ཉིན་༣༠རིང་གི་གནས་སྐབས་དམག་མཚམས་གཞག་ཐུབ་ཚེ་ཡུག་རེན་དང་ཨ་རི་གཉིས་པོས་བདེ་འཇགས་འགན་ལེན་ཐད་ནས་ལྷག་ཏུ་ཞིབ་ཕྲ་ལྡན་པའི་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚེས་༡༡ཉིན་ཨ་རི་དང་ཡུག་རེན་གྱི་འཐུས་ཚབ་ཚོགས་པས་ས་དི་ཨ་རབ་ཀྱི་གྲོང་ཁྱེར་ཅི་ཏ་རུ་གྲོས་མོལ་བྱས་པ་དང་། ཚོགས་འདུ་འཚོགས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་ཡུག་རེན་གྱིས་ཨ་རིའི་གྲོས་འགོ་དང་ལེན་བྱས་ནས་དུས་ཡུན་ཉིན་༣༠ཡི་གནས་སྐབས་དམག་མཚམས་གཞག་རྒྱུར་མོས་མཐུན་ཡོད་པ་བསྟན།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




