སྤོ་བོའི་ཡུལ་གྱི་ཁམ་བུའི་མེ་ཏོག་གི་དུས་སྟོན་འདི་སྐྱིད་པ་ལ།
| 2025-04-01 来源: | 分享: |
སྤོ་བོའི་ཡུལ་གྱི་ཁམ་བུའི་མེ་ཏོག་གི་དུས་སྟོན་འདི་སྐྱིད་པ་ལ།

ཟླ་བཞི་པའི་ཚེས་གཅིག་ཉིན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པའི་སྤོ་བོའི་ཡན་ལག་ཚོགས་ར་དངོས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཕེབས་པའི་མགྲོན་པོ་རྣམས་བོད་ལྗོངས་སྤོ་བོའི་ཡུལ་གྱི་ཁམ་བུའི་མེ་ཏོག་གི་ཞིང་ཁམས་འདི་རུ་མཉམ་དུ་འཛོམས་ཤིང་། གངས་དཀར་པོའི་དབུ་འཕང་དགུང་དང་མཉམ་པ་དང་། ཆུ་གཙང་པོ་ལྷུང་ལྷུང་དལ་གྱིས་འབབ་ལ། རི་ལུང་ཐམས་ཅད་ན་རབ་མཛེས་ཁམ་བུའི་མེ་ཏོག་གི་མཚར་སྡུག་རྣམ་པར་བཀྲ་ནས། བོད་ལྗོངས་ལྷོ་ཁའི་ཆེས་མཛེས་སྡུག་གི་རང་བྱུང་བཀོད་པ་ལྷུན་གྱིས་གྲུབ་པའི་དུས་འདིར་ཚང་མས་དཔྱིད་དཔལ་གྱི་དགའ་སྟོན་ལ་མཉམ་དུ་རོལ་བ་རེད།



ཐེངས་འདིའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པའི་སྤོ་བོའི་ཡན་ལག་ཚོགས་ར་ནི་ཀྲུང་གུང་སྤོ་བོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཚོགས་རའི་ཡུལ་དངོས་སུ་སྤོ་བོ་རྫོང་ཨུའི་ཧྲུའུ་ཅི་དབྱང་ལི་ཡིས་འགོ་ཚུགས་ཁྱབ་བསྒྲགས་བྱས་ཤིང་། སྤོ་བོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བསྟན་འཛིན་འོད་ཟེར་གྱིས་ཤིས་ཚིག་ཕུལ་ཏེ། ཕྱོགས་སོ་སོའི་མགྲོན་པོ་རྣམས་ཁམ་བུའི་ཞིང་ཁམས་ལ་ཕེབས་ནས། དཔྱིད་ཀྱི་ཡུལ་སྐོར་གནས་དུས་སྟོན་ཉམས་སུ་མྱོང་བར་གདན་འདྲེན་ཞུས་པ་རེད།

སྤོ་བོ་རྫོང་ཨུའི་ཧྲུའུ་ཅི། དབྱང་ལི་ཡིས་འགོ་ཚུགས་ཁྱབ་བསྒྲགས་བྱས། ▲

སྤོ་བོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན། བསྟན་འཛིན་འོད་ཟེར་གྱིས་ཤིས་ཚིག་ཕུལ། ▲
བོད་ལྗོངས་སྤོ་བོ་རྫོང་ལ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་དང་། གངས་རྒན་གྱི་ཕ་ས། ཁམ་བུའི་མེ་ཏོག་གི་ཞིང་ཁམས་ཞེས་མཚན་གྱི་སྙན་པ་ཕྱོགས་བཅུར་ཁྱབ་ལ། ཐེངས་འདིའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་ཚོགས་རའི་མགོ་ཚུགས་མཛད་སྒོའི་སྟེང་ལ། སྤོ་བོའི་སྤོ་བྲོ་སོགས་ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་འཁྲབ་སྟོན་བྱས་པར་མ་ཟད། ད་དུང་གླུ་པ་དཔལ་ཆེན་དབང་རྒྱལ་དང་། དབང་འདུས་ཕུན་ཚོགས། བསྟན་འཛིན་ནོར་བུ། ནོར་བུ་བསམ་འགྲུབ། ཀོང་པ་སོགས་སྔ་རྗེས་སུ་གར་སྟེགས་སྟེང་ལ་ཕེབས་ནས་གླུ་གཞས་ཀྱི་ལམ་ནས་ཚང་མ་ལ་རྫོགས་ལྡན་དཔྱིད་དཔལ་གྱི་རེ་སྨོན་དབྱངས་སུ་གྱེར་བ་རེད།



གཞན་ད་དུང་ཁམ་བུའི་མེ་ཏོག་རྣམ་པར་བཞད་དུས་དང་། སེང་འབྲུག་གི་སྨོན་འདུན་ཞེས་པ་སོགས་ཀོང་ཏུང་ས་གནས་ཀྱི་རིག་གནས་གྲུབ་ཆ་འདུས་པའི་ལེ་ཚན་འཁྲབ་སྟོན་བྱས་ནས། ཀོང་ཏུང་ཞིང་ཆེན་གྱིས་ཉིང་ཁྲི་ལ་རོགས་སྐྱོར་བྱས་པའི་མི་ཡུལ་གྱི་བརྩེ་བ་དྲན་གསོ་བྱས་ཡོད།



ཤེས་རྟོགས་བྱུང་བར་ལྟར་ན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ནི་ཟླ་བཞི་པའི་ཚེས་གཅིག་ཉིན་ནས་ཟླ་བཞི་པའི་ཟླ་དཀྱིལ་བར་དུ་སྤེལ་རྒྱུ་ཡིན་ལ། དེའི་རིང་ལ། སྤོ་བོ་རྫོང་གིས་སྤོ་བོ་དགྱེས་པའི་བྲོ་ཚོགས་དང་། སྤོ་བོའི་གླུ་ཚོགས་སོགས་རིག་གནས་དང་གླུ་གཞས་སྒྱུ་རྩལ་གྱི་འཁྲབ་སྟོན་བྱེད་སྒོ་དང་། ཀོང་ཀྲོའུ་གྲོང་ཁྱེར་གྱིས་བོད་སྐྱོར་ལས་ཞུགས་ཆེད་དོན་མི་སྣ་བསྡུ་ལེན་ཚོགས་འདུ་དང་། ཚོང་འགུགས་དངུལ་འདྲེན་གྱི་གྲོས་ཆིངས་ལ་མིང་རྟགས་འགོད་པའི་མཛད་སྒོ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།






