ཀུ་ཤུ་ཁ་པར་གྱི་རིན་གོང་ལྡབ་འཕར་འབྱུང་ཉེན་ཆེ།
| 2025-04-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ལྟོས་མཉམ་སྒོ་ཁྲལ་ཇུས་གཞི་ཁྱབ་བསྒྲགས་བྱས་རྗེས། ཀུ་ཤུ་སྤྱི་གཉེར་ཁང་གི་མ་རྐང་རིན་གོང་ཉོ་ཚོང་ཉིན་གཉིས་བསྟུད་མར་ཕམ་ཁ་ཆེན་པོ་ཕོག་ཡོད། ཕེང་པོ་གསར་འགྱུར་ཁང་གིས་གསར་འགྱུར་ལྟར་ན། མིག་སྔར་ཀུ་ཤུ་སྤྱི་གཉེར་ཁང་གི་ཁ་པར་90%ཀྲུང་གོ་ནས་སྒྲིག་སྦྱོར་བྱེད་ཀྱི་ཡོད་པ་དེའི་ཐོག་ནས། ཀུ་ཤུ་སྤྱི་གཉེར་ཁང་ལ་དཀའ་ཚེགས་ཆེ་བའི་གདམ་ག་དང་འཕྲད་ཡོད་དེ། སྒོ་ཁྲལ་གྱི་མ་གནས་རང་གིས་ཕུད་པའམ་ཡང་ན་དེ་འཛད་སྤྱོད་པའི་ཐོག་ལ་ཁུར་བོ་སྤྲོད་རྒྱུ་དེ་རེད་འདུག
མ་འཇོག་དངུལ་ཁང་མོ་ཀེན་ཧྲི་ཏན་ལི་ཡིས་ཚོད་རྩིས་བྱས་པར་གཞིགས་ན། ཀྲུང་གོར་སྒོ་ཁྲལ་སྣོན་བསྡུ་བྱས་ཚེ་ཀུ་ཤུ་སྤྱི་གཉེར་ཁང་གི་མ་གནས་ལོ་ལྟར་ཨ་སྒོར་དུང་ཕྱུར་85ཙམ་འཕར་རྒྱུ་རེད་ཟེར། ལུའུ་ཐུའུ་གསར་འགྱུར་ཁང་གིས་དབྱེ་ཞིབ་མི་སྣའི་སྐད་ཆ་དྲངས་ནས། གལ་ཏེ་ཀུ་ཤུ་སྤྱི་གཉེར་ཁང་གིས་སྒོ་ཁྲལ་གྱི་མ་གནས་ཚང་མ་འཛད་སྤྱོད་པའི་མགོ་ལ་འཕངས་ཚེ། iPhone16 Pro Maxཡི་ཨ་རིར་སིལ་ཚོང་རིན་གོང་ད་ལྟའི་ཨ་སྒོར་1599ནས་ཨ་སྒོར་2300(ཧ་ལམ་མི་དམངས་ཤོག་སྒོར་16750དང་མཚུངས་)བར་འཕར་རྒྱུ་རེད་ཅེས་བཤད་པ་རེད།
དོན་དངོས་ཐོག ཐེ་རོན་ཕུའུ་ཡི་འགན་འཁུར་ཡུན་དང་པོའི་ནང་། ཀུ་ཤུ་སྤྱི་གཉེར་ཁང་གིས་ཁ་པར་དང་རྣ་ཉན་ཐོན་སྐྱེད་ཁག་ཅིག་རྒྱ་གར་དུ་སྤོ་སྒྱུར་དང་། རྣ་ཉན་དང་ཆུ་ཚོད་འཁོར་ལོ། གློག་ཀླད་བཅས་ཀྱི་ཐོན་སྐྱེད་ཁག་ཅིག་ཝེད་ནམ་དུ་སྤོ་སྒྱུར་བྱེད་པ་མ་ཟད། མ་ལེ་ཞི་ཡ་དང་ཐེ་ལན་ཏེ་ནས་གློག་ཀླད་ཐོན་སྐྱེད་བྱེད་ཡུལ་བཙུགས། འོན་ཀྱང་ཐེ་རོན་ཕུའུ་སྲིད་གཞུང་གིས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ལ་ཡོངས་ཁྱབ་ཏུ་ལྟོས་མཉམ་སྒོ་ཁྲལ་མཐོ་པོ་བསྡུ་རྩིས་ཡོད་པས། ཀུ་ཤུ་སྤྱི་གཉེར་ཁང་གི་མཁོ་སྤྲོད་སྦྲེལ་ཐག་ལ་གནོད་འཚེ་ཆེན་པོ་བཟོ་ངེས་ཡིན་པ་སྨོས་མེད་རེད།
ཨ་རིའི་མ་རྐང་འཛིན་ཤོག་དབྱེ་ཞིབ་མཁས་ཅན་ཏན་ཨའེ་ཧྥུའུ་སི་ཡིས། ཨ་རིར་བཟོ་གྲྭ་གསར་པ་ཞིག་བསྐྲུན་རྒྱུར་ལོ་བཞི་ནས་ལྔ་བར་དགོས། ཚན་རྩལ་བཟོ་སྐྲུན་བཟོ་གྲྭ་དང་བཟོ་གྲྭ་རིགས་གཞན་གྱི་ངོས་ནས་བརྗོད་ན། ཨ་རིར་ཐ་ན་བཟོ་གྲྭ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་དེ་མཚུངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ངལ་རྩོལ་ནུས་ཤུགས་ཀྱི་རྨང་གཞི་མེད་ཅེས་བཤད་པ་རེད།
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




