སྐད་འཕྲིན་གྲོགས་ཚོམས་སུ་པར་འདི་རིགས་སྤེལ་ན་ཉེན་ཁ་ཆེ་བར་བཤད།
| 2025-08-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

དབྱར་ཁའི་གུང་གསེང་སྐབས་སུ་ཚང་མས་སྐད་འཕྲིན་༼འཕྲིན་ཕྲན༽གྲོགས་ཚོམས་སུ་མཛེས་ལྗོངས་དང་། ལེགས་སྐྱེས། མཉམ་པར་སོགས་དབྱར་གསེང་རོལ་སྟངས་སྣ་ཚོགས་སྐུར་བཞིན་འདུག འོན་ཀྱང་ནང་དོན་འདིའི་རིགས་མ་སྐུར་ན་ལེགས་པས་གཟབ་གཟབ་བྱ་དགོས།
མེ་འཁོར་དང་གནམ་གྲུ་སོགས་ཀྱི་སྤ་སེ་མི་སྐུར་བ།
མི་སྒེར་གྱི་ཆ་འཕྲིན་འདུས་པའི་མེ་འཁོར་གྱི་སྤ་སེ་དང་གནམ་གྲུའི་སྤ་སེ། གནམ་གྲུར་འཇུག་བྱང་། འཁོར་བྱང་སོགས་སྐུར་མི་ཉན། འདིའི་རིགས་ཁྲིམས་འགལ་ཉེས་བསགས་མི་སྣས་ཚན་རྩལ་བྱེད་ཐབས་སྤྱད་ནས་སྒེར་གྱི་ཆ་འཕྲིན་གཡོ་ལེན་བྱེད་ཅིང་། མི་སྒེར་གྱི་གསང་བ་ཕྱིར་ཤོར་སྲིད་པས་ངེས་པར་དུ་དོགས་ཟོན་བྱ་དགོས།
གཉིས། དཔང་ཡིག་གམ་ལག་ཁྱེར་སོགས་མི་སྐུར་བ།
ཐོབ་ཐང་ལག་ཁྱེར་དང་། ལམ་ཡིག ཁ་ལོ་ཆོག་ཡིག གཉེན་དཔང་སོགས་མི་སྒེར་གྱི་གསང་དོན་གལ་ཆེན་འདུས་པའི་རིགས་མི་སྐུར་བ།
གསུམ། དངུལ་བྱང་ཨང་གྲངས་དང་གསང་གྲངས་མི་སྐུར་བ།
དངུལ་བྱང་ཨང་གྲངས་དང་བྱང་བུའི་ཆ་འཕྲིན་གཞན་དག་ཡོད་པའི་འདྲ་པར་སོགས་སྐུར་ན་ཁྲིམས་འགལ་ཉེས་བསགས་མི་སྣས་གཡོ་སྤྱད་བྱས་ནས་རྒྱུ་ནོར་ལ་གྱོང་གུན་བཟོ་ཉེན་ཡོད་པས་འདི་རིགས་སྐད་འཕྲིན་གྲོགས་ཚོམས་སུ་མ་སྐུར་ན་ལེགས།
བཞི། སྡོད་གནས་སྐོར་མི་སྐུར་བ།
གཏན་འཁེལ་ས་གནས་དང་གནས་ས། དེ་མིན་སྡོད་གནས་སྐོར་གྱི་པར་སོགས་སྐུར་མི་ཉན། མི་སྒེར་གྱི་སྡོད་གནས་དངོས་ཕྱིར་མངོན་པ་ལས་དགོས་མེད་ཀྱི་རྙོག་དྲ་དང་ཉེན་ཁ་འབྱུང་སྲིད་པས་འདིའི་ཕྱོགས་ལ་དོགས་ཟོན་བྱ་དགོས།
ལྔ། མགྱོགས་སྐྱེལ་སྒམ་སོགས་ཁ་ཕྱེ་བའི་བརྙན་ཆ་ཚང་སྐུར་མི་ཉན།
སྒམ་ཁ་ཕྱེ་བའི་བརྙན་ཆ་ཚང་སྐུར་ན་མྱུར་སྐྱེལ་འཛིན་ཡིག་སྟེང་གི་མི་སྒེར་གྱི་ཆ་འཕྲིན་ཕྱིར་མངོན་ནས་ཁྲིམས་འགལ་ཉེས་བསགས་མི་སྣས་ཁྲིམས་འགལ་བྱ་བ་སྒྲུབ་པའི་གོ་སྐབས་འཛིན་སྲིད།
དྲུག རྒན་རྒོན་དང་བྱིས་པའི་ཆ་འཕྲིན་སྐུར་མི་རུང་།
རྒན་རྒོན་དང་བྱིས་པའི་འདྲ་པར། རུས་མིང་སོགས་གྲོགས་ཚོམས་སུ་མ་སྐུར་ན་ལེགས། ཁྲིམས་འགལ་ཉེས་བསགས་མི་སྣས་ཆ་འཕྲིན་དེ་དག་བེད་སྤྱད་ནས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་སྲིད་པས། མཉམ་སྤྱོད་ཁྱབ་ཁོངས་སུ་ལྟ་ཐུབ་མཁན་དང་མི་ཐུབ་མཁན་སོ་སོར་ཕྱེས་ནས་སྤེལ་ན་ལེགས།
བདུན།མི་གཞན་གྱི་གསང་བར་འབྲེལ་བའི་ཆ་འཕྲིན་མི་སྐུར་བ།
ཆོག་མཆན་མ་ཐོབ་པའི་གཞན་གྱི་གསང་དོན་ཆ་འཕྲིན་སྐུར་ན་མི་གཞན་གྱི་གསང་དོན་དབང་ཆར་གནོད་སྐྱེལ་བ་ཡིན་པས། དོ་བདག་ལ་ཁྲིམས་མཐུན་གྱི་ལམ་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་དབང་ཆ་ཡོད་པ་རེད།
བརྒྱད།བདེན་དཔང་མ་ཐོབ་པའི་ཆ་འཕྲིན་སྤེལ་མི་རུང་།
བདེན་དཔང་མ་བྱས་པའི་ཆ་འཕྲིན་མཐོང་སྐབས་ཡིད་ཆེས་བྱེད་སླ་མི་རུང་ལ། ལྷག་པར་དུ་གྲོགས་ཚོམས་སུ་མ་སྤེལ་ན་ལེགས། འདིའི་ཕྱོགས་ལ་གཟབ་ནན་མ་བྱས་ན་དཀྲོག་གཏམ་བཟོ་མཁན་དང་གཏམ་འཆལ་འཆད་མཁན་དུ་འགྱུར་ཉེན་ཡོད་པས་གཟོབས།
གསང་དོན་གྱི་མཚམས་ཇི་ལྟར་སྲུང་དགོས།
སྐད་འཕྲིན་གྲོགས་ཚོམས་སུ་གཤམ་གྱི་གོ་རིམ་གསུམ་དེ་ལག་བསྟར་བྱ་ཤེས་ན་རྒྱུས་མེད་མི་ཡིས་ལྐོག་ལྟ་བྱེད་མི་ཐུབ།
རང་གི་སྐད་འཕྲིན་སྣོན་སྟངས་ལས་ཁ་པར་གྱི་ཨང་གྲངས་འཚོལ་ནས་སྐད་འཕྲིན་སྣོན་པའི་བྱེད་ནུས་སྒོ་རྒྱག་དགོས།
སྐད་འཕྲིན་གྲོགས་ཚོམས་དབང་ཚད་ནང་གི་ངོ་མི་ཤེས་པའི་མི་ཡིས་གྲོགས་ཚོམས་བཅུ་ལ་བལྟ་ཆོག་པའི་བྱེད་ནུས་སྒོ་རྒྱག་དགོས།
ཉེ་འགྲམ་གྱི་མི་ཞེས་པའི་བྱེད་ནུས་ཀྱིས་ཁྱོད་ཀྱི་གནས་ཡུལ་གཏན་འཁེལ་བྱེད་ཐུབ་སྲིད་པས། སྒྲིག་འགོད་ནང་གི་སྤྱི་བཀོལ། བྱེད་ནུས་ལས་ཉེ་འགྲམ་གྱི་མི་ཞེས་པར་མནན་ནས་གཙང་སེལ་དང་སྤྱོད་མཚམས་འཇོག་དགོས།
གནས་ཚུལ་འདི་རིགས་གྲོགས་པོ་དང་གཉེན་ཉེ་སོགས་ལ་བསྐུར་ནས་ཕན་ཚུན་ལ་དྲན་སྐུལ་རེ་བྱས་ན་ལེགས།




