ཅོ་ནེ་རྫོང་གིས་པེ་ཅིན་དུ་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ།
| 2025-11-10 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་༡༡པའི་ཚེས་༧ཉིན། ཧྥན་ཁྲང་ཅང་གིས་ནུབ་བྱང་ས་ཁུལ་ལ་རྟོག་ཞིབ་གནང་བ་དང་དམར་དམག་རྒྱང་སྐྱོད་དཔུང་ཁག་བདེ་བླག་ངང་ཧྲའན་ཞིའི་བྱང་རྒྱུད་དུ་སླེབས་ནས་ལོ་ངོ་༩༠འཁོར་བའི་དྲན་གསོའི་འགྲེམ་སྟོན་གྱི་མཛད་སྒོ་ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་ཀྱི་གསར་འགྱུར་ཚོམས་ཁང་དུ་འཚོགས་པ་རེད། ཀན་སུའུ་ཅོ་ནེ་རྫོང་གི་འབྲེལ་ཡོད་དབུ་ཁྲིད་དང་། ཅོ་ནེ་དཔོན་རྒན་པདྨ་དབང་ཕྱུག་གི་སྐུ་སྲས་བྱང་ཆུབ་རྣམ་རྒྱལ། ཅོ་ནེ་དཔོན་པོའི་གསར་བརྗེའི་དྲན་གསོ་ཁང་གི་འབྲེལ་ཡོད་དབུ་ཁྲིད་སོགས་ཐེངས་འདིའི་མཛད་སྒོར་ཞུགས་པ་དང་། དྲན་གསོའི་འགྲེམ་སྟོན་དེ་གསར་བརྗེའི་ལོ་རྒྱུས་འབྲེལ་ཐག་ཏུ་བཟུང་ནས་རིག་གནས་དང་ཡུལ་སྐོར་སྤེལ་རེས་ཀྱི་སྟེགས་བུ་ལེགས་པར་བསྐྲུན་པ་རེད།

ཐེངས་འདིའི་འགྲེམ་སྟོན་ཐོག་ཧྥན་ཁྲང་ཅང་གིས་ནུབ་བྱང་ས་ཁུལ་ལ་རྟོག་ཞིབ་གནང་བ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ལ་དམིགས་ཏེ། རྒྱང་སྐྱོད་དུས་སྐབས་སུ་ཧྥན་ཁྲང་ཅང་དང་ཅོ་ནེ་དཔོན་པོ་བློ་བཟང་བསྟན་འཛིན་རྣམ་རྒྱལ་འཕྲིན་ལས་རྡོ་རྗེའི་བར་གྱི་མཛའ་བརྩེ་ཟབ་མོ་བསྐྱར་དུ་མངོན་པར་བྱས་ཤིང་། དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་དང་ཏང་གི་མི་རིགས་མཐུན་སྒྲིལ་ལས་དོན་ཁྲོད་ཀྱི་ཅོ་ནེ་དཔོན་པོའི་དམིགས་བསལ་གོ་གནས་ལེགས་པར་མཚོན་པ་རེད། ཡུལ་དངོས་སུ་རིན་ཐང་ཆེ་བའི་ལོ་རྒྱུས་ཡིག་ཚགས་དང་དངོས་པོ་འགྲེམ་སྟོན་བྱས་པར་མ་ཟད། ཀྱག་ཀྱོག་དང་དཀའ་སྡུག་ཆེ་བའི་ལོ་ཟླ་བསྐྱར་མཚོན་དང་། ཅོ་ནེའི་མཐའ་མཚམས་ས་ཁུལ་ནི་གསང་བའི་གནས་མཆོག་ཅིག་ནས་དར་རྒྱས་གོང་འཕེལ་གྱི་གྲོང་ཁྱེར་གསར་པ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལེགས་པར་མངོན་ཡོད།
བྱེད་སྒོ་སྤེལ་བའི་ཞོར་དུ་ཞིང་ལས་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཤུལ་བཞག་གི་རྣམ་གྲངས་འགྲེམ་སྟོན་བྱས་ནས་ཀན་སུའུ་ཅོ་ནེ་རྫོང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་རིག་གནས་ཤུལ་བཞག་གི་མཚར་སྡུག་ཕྱི་རུ་ངོམས་ཡོད་ལ། ཐེངས་འདིའི་འགྲེམ་སྟོན་བརྒྱུད་ནས་གསར་བརྗེའི་རིག་གནས་ལ་གསོན་ཤུགས་གསར་པ་ཞིག་བསྩལ་བ་མ་ཟད། ས་ཁོངས་བརྒལ་བའི་རིག་གནས་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ཀྱི་སྟེགས་བུ་ལེགས་པར་བསྐྲུན་པ་དང་། ཅོ་ནེ་རྫོང་གི་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་དང་ཤུགས་རྐྱེན་ཆེ་རུ་བཏང་སྟེ། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་གོང་འཕེལ་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྩལ་བ་རེད།




