ན་ཚ་མེད་པའི་ཕྲུ་གུ་སྐྱེ་ཐབས་འདི་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ།
| 2025-06-09 来源:ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། | 分享: |
ཟླ་6པའི་ཚེས་5ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་དང་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་དང་མཉམ་དུ་《སྐྱེ་ཟུག་འཇགས་པའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ་》ཁྱབ་བསྒྲགས་བྱས་ནས། ཕྱོགས་བསྡུས་སྨན་ཁང་དང་བུད་མེད་དང་བུ་བཙའི་ཆེད་ལས་སྨན་ཁང་། མ་བུ་བདེ་སྲུང་ཁང་སོགས་བུ་བཙའི་ཚན་ཁག་གི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པའི་སྨན་བཅོས་ལས་ཁུངས་ཀྱིས་སྐྱེ་ཟུག་འཇགས་པའི་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། དེ་ཡང་བླང་བྱ་བཏོན་པ་གཤམ་གསལ་ལྟར།
2025ལོའི་ལོ་མཇུག་བར་སླེབས་དུས། བུ་བཙའི་ཚན་ཁག་གི་སྨན་བཅོས་ཞབས་ཞུ་སྤེལ་བའི་རིམ་པ་གསུམ་པའི་སྨན་བཅོས་སྒྲིག་གཞི་ཚང་མས་སྐྱེ་ཟུག་འཇགས་པའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དགོས་ཤིང་།
2027ལོར་སླེབས་དུས། བུ་བཙའི་ཚན་ཁག་གི་སྨན་བཅོས་ཞབས་ཞུ་སྤེལ་བའི་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་སྒྲིག་གཞི་ཚང་མས་སྐྱེ་ཟུག་འཇགས་པའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དགོས།
སྐྱེ་ཟུག་འཇགས་པའི་ཞབས་ཞུ་ཞེས་པར་རྒྱུན་དུ་ན་ཚ་མེད་པའི་ཕྲུ་གུ་སྐྱེ་ཐབས་ཟེར་གྱི་ཡོད་ཅིང་། དེ་ནི་སྨན་རྫས་སྦྲུམ་མའི་སྒལ་གཞུང་གི་རུས་སྦུག་ནང་དུ་བླུགས་ནས་ཕྲུ་གུ་སྐྱེ་བའི་ན་ཟུག་ཆུང་དུ་གཏོང་གང་ཐུབ་བྱེད་པའི་ཐབས་ཤེས་ཤིག་ཡིན། གསོ་རིག་ཁྱབ་ཁོངས་སུ་དེ་ནི་སྟབས་བདེ་སྤྱོད་བདེ་དང་། བདེ་འཇགས་འཐུས་ཚང་གི་ལག་རྩལ་ཞིག་ཡིན་པ་ཡོངས་ཁྱབ་ཐོག་ཁས་ལེན་བྱེད་ཀྱི་ཡོད།《བརྡ་ཐོའི》ནང་ས་གནས་ཁག་ལ་གཤམ་གསལ་གྱི་བླང་བྱ་བཏོན་པ་སྟེ།
གཅིག་ནས་སྐྱེ་ཟུག་འཇགས་པའི་ལག་རྩལ་གྱི་གཞི་རྩའི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་སྟེ། སྐྱེ་ཟུག་འཇགས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་དང་སྨན་རྫས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཟུག་འཇགས་པའི་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བུ་བཙའི་ཚན་ཁག་དང་སྦྲིད་སྨན་ཚན་ཁག་དབར་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་སྐྱེ་ཟུག་འཇགས་པའི་ཞབས་ཞུའི་བརྒྱུད་རིམ་འཐུས་ཚང་དུ་གཏོང་དགོས།
གཉིས་ནས་སྐྱེ་ཟུག་འཇགས་པའི་ཞབས་ཞུ་ཚད་ལྡན་དུ་སྤེལ་དགོས་པ་སྟེ། སྐྱེ་ཟུག་འཇགས་པའི་སྨན་བཅོས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དུས་བཀག་ལྟར་བུ་བཙའི་ཚན་ཁག་དང་སྦྲིད་སྨན་ཚན་ཁག་མཉམ་འབྲེལ་འཕྲལ་སྡོམ་ནང་སྦྱོང་སྒྲིག་འཛུགས་བྱས་ཏེ་ཐོལ་བྱུང་གི་ཛ་དྲག་གནས་ཚུལ་ལ་ཁ་གཏད་གཅོད་པའི་ནུས་པ་ཆེ་རུ་གཏོང་དགོས་པ། སྐྱེ་ཟུག་འཇགས་པའི་ལག་རྩལ་ཚད་ལྡན་དུ་བཀོལ་སྤྱོད་བྱེད་དགོས་པ། སྐྱེ་ཟུག་འཇགས་པའི་ལག་རྩལ་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། སྨན་བཅོས་མཉམ་འབྲེལ་ཚོགས་པས་སྨན་བཅོས་སྒྲིག་གཞི་སྣེ་ཁྲིད་བྱེད་པའི་ལག་རྩལ་ཁྱབ་འགྱེད་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཁོངས་གཏོགས་ཚན་པ་ཡི་སྐྱེ་ཟུག་འཇགས་པའི་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
གསུམ་ནས་སྐྱེ་ཟུག་འཇགས་པའི་ལས་དོན་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་བཙའི་ཚན་ཁག་དང་སྦྲིད་སྨན་ཆེད་ལས་སྨན་ཁང་དུ་སྡོད་པའི་སྨན་པ་རྣམས་ཀྱི་སྐྱེ་ཟུག་འཇགས་པའི་ལག་རྩལ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། དུས་བཀག་ལྟར་སྨན་བཅོས་མཉམ་འབྲེལ་ལྷན་ཚོགས་ནང་ཁུལ་གྱི་སྐྱེ་ཟུག་འཇགས་པའི་ལག་རྩལ་སྐོར་གྱི་སྦྱོར་བརྡར་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་། སྐྱེ་ཟུག་འཇགས་པའི་འབྲེལ་ཡོད་ཆེད་ལས་སྨན་བཅོས་མི་སྣའི་སྦྱོང་བརྡར་དང་ཟབ་སྦྱོང་ལ་རྒྱབ་སྐྱོར་བྱེད་དགོས་པ། སྐྱེ་ཟུག་འཇགས་པའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ལས་གནས་ཀྱི་འགན་འཁྲི་དང་ཤེས་བྱའི་རིན་ཐང་གཙོ་བོ་མངོན་པའི་གླ་ཕོགས་མ་ལག་འཛུགས་པ་དང་། ལས་སྒོའི་དཔྱད་ཞིབ་ཐད་སྐྱེ་ཟུག་འཇགས་པའི་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣར་གཟིགས་སྐྱོང་འོས་འཚམ་བྱེད་དགོས་པ། ས་གནས་ཀྱི་རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག(ཀྲུང་ལུགས་གསོ་རིག་དང་ནད་ཡམས་ཚོད་འཛིན་སྡེ་ཁག་ཚུད་པ།)གིས་སྐྱེ་ཟུག་འཇགས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་པ་དང་།སྨན་བཅོས་ལས་ཁུངས་ཀྱི་སྐྱེ་ཟུག་འཇགས་པའི་ལས་དོན་གྱི་རྒྱུན་ལྡན་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ། སྐྱེ་ཟུག་འཇགས་པའི་ལས་དོན་གྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། དུས་བཀག་ལྟར་གསོ་སྦྱོང་དང་མཛུབ་ཁྲིད་སྒྲིག་འཛུགས་དང་དཔྱད་དཔོག་བྱེད་པ། སྲིད་ཇུས་གསལ་འགྲེལ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ་བཅས་ཡིན།
དེ་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་སྨན་ཁང་སྟོང་ཙམ་དུ་སྐྱེ་ཟུག་འཇགས་པའི་ཚོད་ལྟའི་ལས་དོན་སྤེལ་བ་རེད། ས་ཆ་མང་པོ་ཞིག་གིས་ད་དུང་སྐྱེ་ཟུག་འཇགས་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

