༼དགའ་སྤྲོའི་གླིང་ག་༽སྐབས་དྲུག་པ་ཕབ་འགོ་ཚུགས།
| 2023-09-05 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
༼དགའ་སྤྲོའི་གླིང་ག་༽སྐབས་དྲུག་པའི་བརྙན་ཕབ་འགོ་ཚུགས།
སྤྱི་ལོ་༢༠༢༣ལོའི་ཟླ་༩པའི་ཚེས་༢ཉིན་ལ། ཁམས་པའི་བརྙན་འཕྲིན་གྱི་སྣ་འཛོམས་རིག་རྩལ་ལེ་ཚན་༼དགའ་སྤྲོའི་གླིང་ག༽སྐབས་དྲུག་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་དངོས་སུ་ཕབ་འགོ་ཚུགས་པ་རེད། ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དབང་ཆེན་ལྷ་མོ་དང་། ན་གཞོན་གཞས་མ་དང་འཁྲབ་སྟོན་པ་རིན་ཆེན་སྒྲོལ་མ་དང་། ཉེ་བའི་ལོ་འདི་དག་ལ་ཚང་མས་དགའ་བསུ་བྱེད་བཞིན་པའི་ན་གཞོན་གཞས་པ་བེ་རི་རང་གྲོལ། བོད་ཀྱི་ན་གཞོན་དྲ་གྲགས་བསོད་ནམས་ཚེ་རིང་(@藏族大表哥)སོགས་གཙོར་བྱས་པའི་སྐུ་མགྲོན་ལྷན་རྒྱས་གཞི་གཅིག་ཏུ་འཛོམས་ནས། ༼དགའ་སྤྲོའི་གླིང་ག་༽སྐབས་དྲུག་པའི་དཀར་མཛེས་རྫོང་གི་ལེའུ་ཕབ་འགོ་བརྩམས།
༼དགའ་སྤྲོའི་གླིང་ག་༽སྐབས་དྲུག་པའི་བརྙན་ཕབ་ཡུལ་ནི་ས་གནས་གཅིག་རྐྱང་བ་ཞིག་མ་ཡིན་པར། དཀར་མཛེས་ཁུལ་དཀར་མཛེས་རྫོང་དང་རྔ་བ་ཁུལ་གྱི་ཛམ་ཐང་རྫོང་ནས་ཕབ་རྒྱུ་ཡིན་ལ། ལེ་ཚན་དུ་འབྲས་ལྡན་སྟོན་གྱི་དུས་འདི་བརྗོད་བྱ་གཙོ་བོར་བཟུང་ནས། རི་ཆུའི་རིག་གནས་དང་། དམངས་སྲོལ་རིག་གནས། དམངས་ཁྲོད་གླུ་གར། སྲོལ་རྒྱུན་གྱི་ལག་ཤེས་སོགས་ནང་དོན་སྣ་ཚོགས་འདུས་པ་མ་ཟད། རྫོང་གཉིས་ཀྱི་གདན་ཞུའི་སྐུ་མགྲོན་ཡང་མི་འདྲ་བས་མུ་མཐུད་དུ་དོ་སྣང་ཡོད་པར་ཞུ།
༼དགའ་སྤྲོའི་གླིང་ག༽ལེ་ཚན་ཚོགས་ཆུང་གིས་བོད་ཀྱི་ན་གཞོན་ཕོ་མོ་ཚོར་བོད་པ་རང་གི་འཚོ་བ་དང་ཁ་ཐག་ཉེ་བའི་སྣ་འཛོམས་རིག་རྩལ་ལེ་ཚན་ཞིག་བསྒྲུབ་པའི་ཀུན་སློང་གཙང་མ་བཟུང་ནས། ད་རག་བར་ཕ་སྐད་གཙང་མའི་སྣ་འཛོམས་རིག་རྩལ་ལེ་ཚན་སྐབས་ལྔ་སྤེལ་ཡོད། བོད་ཁུལ་གྱི་མང་ཚོགས་ཚོས་རེ་སྒུག་བྱེད་སའི་སྣ་འཛོམས་ལེ་ཚན་ཞིག་ཏུ་ཆགས་ཡོད་ལ། དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུས་ལོན་དང་ཉམས་ལེན་གྱི་སྒེའུ་ཁུང་ཞིག་ཏུ་ཡང་ཆགས་ཡོད་པ་རེད།
གལ་ཏེ་ཁྱེད་ཀྱིས་རང་ཉིད་དགའ་ཤོས་ཀྱི་སྐར་ཆེན་གཞས་པ་གཞས་མ་དང་། འཁྲབ་སྟོན་པ་སོགས་ལེ་ཚན་དུ་ཞུགས་པར་རེ་ལྟོས་བྱེད་བཞིན་ཡོད་ན། གཤམ་དུ་བསམ་འཆར་ལྷུག་པོར་བརྗོད་དང་། ཛམ་ཐང་རྫོང་གི་བརྙན་ཕབ་ནང་དོན་ལ་ཞུགས་པའི་གོ་སྐབས་ཡོད།




