སྡེ་དགེ་རྫོང་ནས་གེ་སར་རིག་གནས་ཀྱི་གནའ་ཤུལ་གསར་པ་ཞིག་རྙེད་འདུག
| 2024-10-06 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གིས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་ལོ་རྒྱུས་སྙན་རྩོམ་རྒྱུན་འཛིན་བྱེད་ཅེས་པའི་སྡེ་དགེ་རྫོང་གི་གླིང་གེ་སར་རྒྱལ་པོའི་གནའ་ཤུལ་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ཞིབ་འཇུག་བགྲོ་གླེང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་སྡེ་དགེ་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་དབུ་ཁྲིད། འབྲེལ་ཡོད་ཆེད་མཁས་པ་སོགས་ཁྱོན་བསྡོམས་མི་སུམ་ཅུ་ལྷག་ཞུགས་ཡོད།

ཚོགས་འདུའི་སྔོན་དུ། ཚོགས་འདུར་ཕེབས་པའི་འབྲེལ་ཡོད་ཆེད་མཁས་པ་རྣམས་ཨ་ཕྱུག་གྲོང་རྡལ་གྱི་གེ་སར་ཟློས་གར་དང་གེ་སར་སྒྲུང་བཤད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཚད། ཨ་ཕྱུག་གེ་སར་ལྷ་ཁང་དང་ས་ལྕི་སོས་ཡག་གི་ཁ་མདོ། གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་གྱི་ཉེ་འགྲམ་གནའ་ཤུལ་སོགས་ལ་ཡུལ་དངོས་རྟོག་ཞིབ་ལེགས་པོ་བྱས།
རྟོག་ཞིབ་བྱེད་པའི་སྐབས་སུ་ཆེད་མཁས་པ་རྣམས་ཀྱིས་སྡེ་དགེ་རྫོང་ཨ་ཕྱུག་ལྕི་སོས་ཡག་གི་ཁ་མདོ་རུ་གེ་སར་རིག་གནས་ཀྱི་གནའ་ཤུལ་ཞིག་གསར་དུ་རྙེད་ཡོད་དེ། དབྱིབས་སེང་གེ་དང་འདྲ་བའི་བྲག་རྡོ་ངོ་མཚར་ཅན་ཞིག་ཡོད་པ་དེ་ལ། ཆེད་མཁས་པ་རྣམ་པས་གེ་སར་སྒྲུང་ལས་གླིང་གེ་སར་རྒྱལ་པོ་ལ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་མཚན་གསོལ་ཡོད་པ་དང་འབྲེལ་བ་ཆེ་བ་གཞིགས་ནས། བྲག་རྡོ་དེ་ནི་གེ་སར་རིག་གནས་གནའ་ཤུལ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གནའ་ཤུལ་ཞིག་ཏུ་ངོས་འཛིན་བྱས་ཡོད།
སྡེ་དགེ་རྫོང་གི་མགོ་ཁྲིད་གཙོ་བོ་དག་གིས་ཀྱང་ཐེངས་འདིའི་ཚོགས་འདུའི་བརྗོད་དོན་དང་འབྲེལ་ནས་རྗེས་ཕྱོགས་གེ་སར་རིག་གནས་གནའ་ཤུལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ལས་ཀར་ཤུགས་སྣོན་རྒྱག་དགོས་པའི་འདོད་ཚུལ་བསྟན་པ་རེད།

ཚོགས་འདུའི་ཐོག ཚོགས་འདུར་ཕེབས་པའི་ཆེད་མཁས་པ་རྣམས་ཀྱིས་ཨ་ཕྱུག་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་འཁྲུངས་གནས་ཀྱི་ཉེ་འཁོར་གནའ་ཤུལ་དང་སྡེ་དགེའི་ཁོངས་གཏོགས་ཀྱི་གེ་སར་རིག་གནས་གནའ་ཤུལ་བཅས་ལ་རྡོ་བརྐོས་ཀྱིས་ས་རྟགས་བཙུགས་པ་དང་། རིག་གནས་སྲུང་སྐྱོབ་ཐད་ལ་ཚང་མས་དགོངས་འཆར་གང་ལེགས་བཏོན་པ་རེད།

ཐེངས་འདིའི་ཞིབ་འཇུག་དང་བགྲོ་གླེང་གི་བཞུགས་མོལ་ཚོགས་འདུ་བདེ་ལེགས་ངང་སྤེལ་ཐུབ་པ་ཡིས་གེ་སར་རིག་གནས་གནའ་ཤུལ་གྱི་སྲུང་སྐྱོབ་དང་གླིང་གེ་སར་གྱི་རིག་གནས་རྒྱུན་འཛིན་དང་ཞིབ་འཇུག དར་སྤེལ་བཅས་ལ་སྐུལ་མ་གཏོང་བ། གེ་སར་རིག་གནས་ཀྱི་སྙན་གྲགས་ཆེ་རུ་གཏོང་བ། གེ་སར་རིག་གནས་རྒྱུན་ཆད་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱེད་པ། གཟུགས་མེད་ཤུལ་བཞག་རིག་གནས་དུས་རབས་གསར་པའི་ནང་དུ་དར་སྤེལ་ཡོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




