ཞག་གཅིག་རྗེས་ཀྱི་ས་འགུལ་གྱི་གནས་ཚུལ་ཕྱོགས་བསྡུས།
| 2025-01-08 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཀྲུང་དབྱང་གི་གནོད་སེལ་དངོས་ཟོག་ཁག་དང་པོ་བོད་ལྗོངས་ཀྱི་ས་འགུལ་གནོད་ཐེབས་ཁུལ་ལ་འབྱོར།
ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་ཡས་མས་སུ་རྒྱལ་ཁབ་གནོད་སེལ་རྒུད་སྐྱོབ་ཨུ་ལྷན་གཞུང་ལས་ཁང་དང་། བབ་བསྟུན་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུས་བཅས་ཀྱིས་བོད་ལྗོངས་ལ་མགྱོགས་མྱུར་ངང་བཀོད་སྒྲིག་བྱས་པའི་སྲིང་བལ་གུར་དང་སྲིང་བལ་གྱོན་གོས་སོགས་ཀྲུང་དབྱང་གི་གནོད་སེལ་དངོས་ཟོག་ཁག་དང་པོ་༥༨༠༠ལྷག་བོད་ལྗོངས་གཞིས་ཀ་རྩེ་དིང་རི་རྫོང་ས་འགུལ་གནོད་ཐེབས་ཁུལ་ལ་བསྐྱལ་ཡོད་ཅིང་། དེ་མིན་ཀྲུང་དབྱང་གི་གནོད་སེལ་དངོས་ཟོག་ཁྲི་གཅིག་སྟོང་དྲུག་ལྷག་ཚེས་བརྒྱད་ཉིན་རིམ་པ་བཞིན་གནོད་ཐེབས་ཁུལ་དུ་སྐྱེལ་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག་བབ་བསྟུན་དོ་དམ་པུའུ་ཡིས་སྲིད་གཞུང་དང་སྤྱི་ཚོགས་བབ་བསྟུན་དངོས་ཟོག་མཐུན་སྦྱོར་འགན་སྲུང་ལམ་སྲོལ་མགྱོགས་མྱུར་ངང་སྤེལ་འགོ་ཚུགས་པ་དང་། གཅེས་སེམས་ཁེ་ལས་དང་འབྲེལ་ཡོད་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་བབ་བསྟུན་བཟའ་བཅའ་དང་། ཐབ་ཀ། གློག་གདན། ཞྭ་མོ། སྐེ་དཀྲིས། ལག་ཤུབ། དྲོད་སྲུང་གྱོན་ཆས་སོགས་འཚོ་བར་མཁོ་བའི་གནོད་སེལ་དངོས་ཟོག་ཀྱང་བསྟུད་མར་གནོད་ཐེབས་ཁུལ་དུ་སྐྱེལ་བར་རམ་འདེགས་བྱས་ཏེ། ས་གནས་ཀྱིས་གནོད་ཐེབས་མང་ཚོགས་གནས་སྐབས་བདེ་འགོད་དང་འཚོ་བ་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།
བོད་རང་སྐྱོང་ལྗོངས་བབ་བསྟུན་བཀོད་འདོམས་པུའུ་ཡིས་དིང་རིའི་ཚད་རིམ་༦.༨ཀྱི་ས་འགུལ་གྱི་བབ་བསྟུན་དང་ལེན་རིམ་པ་དང་པོར་སྤར།
ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་བཅོ་ལྔའི་ཐོག བོད་རང་སྐྱོང་ལྗོངས་བབ་བསྟུན་བཀོད་འདོམས་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ས་འགུལ་བབ་བསྟུན་སྔོན་བཀོད་འཆར་འགོད》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། བཀོད་འདོམས་པུའུ་ཡིས་དིང་རིའི་ཚད་རིམ་༦.༨ཀྱི་ས་འགུལ་བབ་བསྟུན་དང་ལེན་རིམ་པ་རིམ་པ་གཉིས་པ་ནས་རིམ་པ་དང་པོར་སྤར་དེ་རིམ་པ་དང་པོའི་ས་འགུལ་བབ་བསྟུན་དང་ལེན་རྣམ་པར་ཞུགས་པ་གཏན་འབེབས་བྱས།
བོད་རང་སྐྱོང་ལྗོངས་ཀྱིས་མི་ཁྲི་ལྷག་དིང་རི་རྫོང་གི་ས་འགུལ་རོགས་སྐྱོབ་བྱེད་པར་བཀོད་སྒྲིག་བྱས།
ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་བར། བོད་ལྗོངས་ཀྱིས་རིམ་པ་སོ་སོའི་བབ་བསྟུན་རོགས་སྐྱོབ་དང་། མེ་ཟོན་རོགས་སྐྱོབ། ནགས་ཚལ་མེ་ཟོན། སྤྱི་བདེ་ལས་བྱེད་མི་སྣ། དམག་དཔུང་གི་དཔོན་དམག དེ་བཞིན་སྤྱི་ཚོགས་ཀྱི་བབ་བསྟུན་རོགས་སྐྱོབ་སྟོབས་ཤུགས་མི་གྲངས་ཁྲི་གཅིག་སྟོང་གཉིས་བསྡུ་རུབ་བྱས་ཏེ། ནུས་ཤུགས་ཡོད་རྒྱུས་མི་སྣ་འཚོལ་སྐྱོབ་ལས་དོན་སྤེལ་ནས་བཀག་ལུས་ཐེབས་པའི་མང་ཚོགས་༤༠༧འཚོལ་སྐྱོབ་བྱས་པ་དང་། གནས་སྤོ་བདེ་འགོད་ས་གནས་༡༤བཙུགས་ཏེ། གནོད་ཐེབས་མང་ཚོགས་ཁྲི་གསུམ་དང་བཞི་བརྒྱ་ལྷག་གནས་སྤོ་བཀོད་སྒྲིག་བྱས་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཁྱོན་སྨན་བཅོས་རོགས་སྐྱོབ་དཔུང་ཁག་ཉེར་བཞི་དང་མི་༥༦༨། མྱུར་སྐྱོབ་རླངས་འཁོར་༡༠༦མངགས་ནས་སྐྱེལ་འདྲེན་སྐྱོབ་བཅོས་ལས་དོན་སྤེལ་བ་དང་། རྨས་མ་ལ་སྨན་བཅོས་རག་ཡོད་པ་རེད། སྲིང་བལ་གུར་དང་། ལྟེབ་རྩེག་ཉལ་ཁྲི། ཉལ་ཁྲི་བརྩེགས་མ། སྲིང་བལ་ཉལ་ཐུལ། སྲིང་བལ་ལྭ་རིང་། སྲིང་བལ་ལྷམ། དྲོད་ལེན་ཆས། གློག་འཁོར། ཐབ་ཀ བབ་བསྟུན་གློག་སྒྲོན་དང་དེ་བཞིན་གཏེར་ཆུ། སྟབས་ཐུག་སོགས་དགོས་ངེས་དངོས་རྫས་ཁྱོན་འབུམ་གཅིག་ཁྲི་བདུན་ལྷག་མྱུར་དུ་བསྐྱལ་ནས། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།
མིག་སྔའི་བར་ས་འགུལ་གྱིས་གཏོར་བརླག་ཐེབས་པའི་ལམ་ཚང་མ་མྱུར་དུ་ཞིག་གསོ་ཤར་གཏོང་བྱས་ཡོད་པ་རེད།
བོད་ལྗོངས་ནགས་ཚལ་མེ་ཟོན་གྱིས་ས་འགུལ་གནོད་ཐེབས་ཁུལ་དུ་རོགས་སྐྱོབ་བྱས།
ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་བར། བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མི་༦༠༠དང་རླངས་འཁོར་༡༠༦བཏང་བ་དང་། དེའི་ནང་ནས་མི་༢༧༠དང་རླངས་འཁོར་༤༨ཀྱིས་ད་ལྟ་དིང་རི་རྫོང་གི་ས་འགུལ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་ཞང་གསུམ་ལ་རོགས་སྐྱོབ་བྱེད་བཞིན་ཡོད་པ་རེད།
ཚེས་བདུན་ཉིན་འཚོལ་བཤེར་རོགས་སྐྱོབ་ཁྱབ་ཁོངས་༡༥དང་། མང་ཚོགས་༧༦༧འཚོལ་སྐྱོབ་རོགས་སྐྱོབ་བྱས་ཤིང་། སྒོ་ཕྱུགས་༡༠༠༠ལྷག་འཚོལ་སྐྱོབ་གནས་སྤོར་བྱས། ད་ལྟ་རོགས་སྐྱོབ་སྟོབས་ཤུགས་དེ་གནོད་ཐེབས་མང་ཚོགས་བདེ་འགོད་རོགས་སྐྱོབ་ལས་དོན་ཐད་སྤྱད་ནས། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་ཉེར་གཅིག་གི་བདེ་འགོད་ལས་འགན་ཁུར་ཡོད་པ་རེད། གཙོ་བོ་མཚོ་སྒང་ཞང་དང་། ཆུ་ལྷོ་ཞང་། ཉི་ཤར་ཞང་བཅས་སུ་གཅིག་བསྡུས་བྱས་ནས་གནོད་ཐེབས་མང་ཚོགས༢༦༠༠ལྷག་གནས་སྤོ་བདེ་འགོད་བྱེད་རོགས་བྱས། གུར་༡༢༠ཕུབ་པ་དང་བཟའ་བཅའ་དྲོན་པོ་༡༧༠༠ལྷག་འགན་ལེན་བྱས་ཤིང་། མང་ཚོགས་ཀྱི་དངོས་པོ་རྩ་ཆེན་༦༠༠ལྷག་གནས་སྤོར་བྱས་ཡོད། རོགས་སྐྱོབ་དངོས་ཟོག་གཅིག་རྗེས་གཉིས་མཐུད་དུ་འབྱོར་རྗེས། རོགས་སྐྱོབ་རུ་མི་ཚོས་མུ་མཐུད་དུ་གུར་ཕུབ་པ་དང་བདེ་འགོད་བྱ་ཡུལ་བཀོད་སྒྲིག དངོས་ཟོག་བགོ་བཤའ་རྒྱག་པ། བཟའ་བཅའ་དྲོན་པོ་འགན་ལེན། མང་ཚོགས་ལ་སེམས་གསོ་བྱེད་པའི་ལས་འགན་སྒྲུབ་བཞིན་ཡོད་པ་རེད།
སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཆེད་མཁས་ཚོགས་ཆུང་ས་འགུལ་གནོད་ཐེབས་ཁུལ་དུ་རོགས་རམ་བྱེད་པར་ཕེབས།
བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་འགུལ་ཚད་རིམ༦.༨བྱུང་རྗེས། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གིས་མྱུར་དུ་སྨན་བཅོས་སྐྱོབ་བཅོས་ཆེད་མཁས་ཚོགས་ཆུང་མངགས་ནས། ས་འགུལ་གནོད་ཐེབས་ཁུལ་དུ་རྨས་མ་སྐྱོབ་བཅོས་ཀྱི་ལས་ཀ་སྒྲུབ་པ་རེད།
ཆེད་མཁས་ཚོགས་ཆུང་ལ་ཁྱོན་མི་༦ཡོད་པ་དང་། ཁོངས་མི་སོ་སོ་མྱུར་སྐྱོབ་གསོ་རིག་དང་ཚབས་ཆེའི་གསོ་རིག རྨས་སྐྱོན་གསོ་རིག དབང་རྩའི་ཕྱི་ནད་ཚན་ཁག བྲང་ཕྱིའི་ཚན་ཁག་སོགས་ཀྱི་ཁྱབ་ཁོངས་ནས་ཡིན་པ་རེད། ཚེས་བདུན་ཉིན་གྱི་ཕྱི་དྲོར། ཆེད་མཁས་ཚོགས་ཆུང་གནམ་གྲུར་བསྡད་ནས་ས་འགུལ་གནོད་ཐེབས་ཁུལ་དུ་བསྐྱོད་ནས། ས་འགུལ་ཁྲོད་ཀྱི་རྨས་མ་སྐྱོབ་བཅོས་ལས་ཀར་མཛུབ་སྟོན་བྱ་རྒྱུ་ཡིན་པ་རེད།

བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ས་འགུལ་གནོད་ཐེབས་ཁུལ་གྱི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་ལྟ་ཞིབ་ཚད་ལེན་བྱེད་འགོ་ཚུགས།
བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་འགུལ་ཚད་རིམ་༦.༨བྱུང་རྗེས། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་མགྱོགས་མྱུར་དང་ལེན་དང་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། ལས་སྒོའི་རྐང་འཛིན་བདམས་ནས་བབ་བསྟུན་ལྟ་ཞིབ་དཔུང་ཁག་བཙུགས་ཏེ། དེ་མ་ཐག་དིང་རི་རྫོང་གི་འགུལ་ལྟེའི་གནོད་ཐེབས་ཁུལ་དུ་བསྐྱོད་དེ། གནོད་ཐེབས་ཁུལ་གྱི་རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་འཐུང་ཆུའི་འབྱུང་ཁུངས་ཀྱི་ཆུ་སྤུས་དང་དེ་བཞིན་མཐའ་འཁོར་གྱི་སྦགས་བཙོག་འབྱུང་ཁུངས་ཀྱི་གནས་ཚུལ་ལ་གཙོ་གནད་དུ་ལྟ་ཞིབ་དང་དབྱེ་ཞིབ་བྱས་ཏེ། གནོད་ཐེབས་ཁུལ་གྱི་ཁོར་ཡུག་གནས་ཚུལ་དུས་ཐོག་ཁོང་དུ་ཡང་དག་ཆུད་པ་བྱས་ཡོད།
མིག་སྔར། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གི་ཁོངས་མི་ཚང་མས་བཀའ་སྒུག་བྱེད་པར་མ་ཟད། ཁོར་ཡུག་ཉེན་ཁ་ཞིབ་བཤེར་བྱས་ཚུལ་ལ་གཞིགས་ནས། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་སྟོབས་ཤུགས་སྣ་ཚོགས་མང་དུ་བཏང་ནས་གནོད་ཐེབས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད་པ་རེད།
དིང་རི་རྫོང་གི་ཞང་དང་གྲོང་རྡལ་བདུན་ལ་གློག་སླར་གསོ་བྱས།
ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཞང་གི་བདེ་འགོད་བྱ་ཡུལ་གྱི་གུར་༤༠ལ་གློག་བཀར་བ་དང་། དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་བཅུ་བདུན་ཐོག དིང་རི་རྫོང་གྲམ་སོ་ཞང་མགུ་རིང་གྲོང་ཚོའི་གུར་༤༠ལ་ཡང་གློག་་བཀར་ཡོད། མཚན་མོ་སླེབས་སྐབས། གློག་སྒྲོན་རེ་རེ་བཞིན་བཀར་ནས་གནོད་སེལ་རྒུད་སྐྱོབ་ལ་འོད་སྣང་དང་དྲོད་ཁོལ་གནང་ཡོད།
ཚེས་བདུན་ཉིན་གྱི་དགོང་མོར། གསར་འགོད་པས་རྒྱལ་ཁབ་གློ་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་སྤྱི་གཉེར་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དང་པོའི་ཚེས་བདུན་ཉིན་དིང་རི་རྫོང་དུ་ས་འགུལ་ཚད་རིམ་༦.༨བྱུང་རྗེས། བོད་ལྗོངས་ཀྱི་ཡུལ་དངོས་གློག་ཤུགས་ལས་དོན་མི་སྣས་མགྱོགས་མྱུར་གློག་ཤུགས་བབ་བསྟུན་མྱུར་སྐྱོབ་བྱས་པ་དང་། ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་པའི་བར། དིང་རི་རྫོང་དང་དེ་བཞིན་ཤེལ་དཀར་གྲོང་རྡལ། སྒང་དཀར་གྲོང་རྡལ། རྒྱ་མཚོ་ཞང་རོང་ཤར་ཞང་། བཀྲ་ཤིས་འཛོམས་ཞང་། གྲམ་སོ་ཞང་། གད་དམར་ཞང་བཅས་ལ་གློག་སླར་གསོ་བྱས་ཡོད་པ་རེད།
ས་འགུལ་གནོད་ཐེབས་ཁུལ་གྱི་འཕྲིན་གཏོང་བརྡ་རྟགས་མྱུར་གསོ་བྱས།
ཚེས་བདུན་ཉིན། གསར་འགོད་པས་ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་བོད་ལྗོངས་ཚད་ཡོད་སྤྱི་གཉེར་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ཚད་རིམ་༦.༨ཀྱི་ས་འགུལ་བྱུང་བས། ཀྲུང་གོ་སྤོ་སྒུལ་གྱི་ས་གནས་དེ་གའི་གཞི་ཚུགས་༡༧༧ཉམས་པ་དང་། ཚེས་བདུན་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་དང་སྐར་མ་བརྒྱད་བར་གྱི་ཆུ་ཚོད་༩རིང་བརྩོན་ལེན་བྱས་པ་བརྒྱུད། དིང་རི་རྫོང་མཚོ་སྒང་ཞང་དང་གྲམ་སོ་ཞང་། ཆུ་ལྷོ་ཞང་བཅས་ཀྱི་སྤོ་སྒུལ་འཕྲིན་གཏོང་བརྡ་རྟགས་ཚང་མ་སྦྲེལ་ནས་བརྡ་རྟགས་ཐོན་དུ་བཅུག་ཡོད།
ཚེས་བདུན་ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཐོག ཀྲུང་གོའི་སྤོ་སྒུལ་བོད་ལྗོངས་སྤྱི་གཉེར་ཁང་གིས་རིམ་རྩིས་བྱས་ནས་འགན་སྲུང་མི་སྣ་༥༧དང་། བབ་བསྟུན་འཕྲིན་གཏོང་དང་དེ་བཞིན་མྱུར་གསོ་འགན་ལེན་རླངས་འཁོར་༡༦། སྣུམ་འཁོར་༡༢། འཁོར་སྐར་ཁ་པར་༡༢། འཁྱེར་བདེའི་འཁོར་སྐར་གཞི་ཚུགས་ཆ་ཚང་༡། འོད་སྐུད་སྟོང་སྨི་༡༤༩བཅས་བཀོད་སྒྲིག་བྱས་ཏེ། བརྡ་རྟགས་མེད་པའི་གཞི་ཚུགས་༡༡༣མྱུར་གསོ་ཤར་གཏོང་བྱས་ཤིང་། གཞི་ཚུགས་གཞན་དག་ནུས་ཤུགས་ཡོད་རྒྱུས་མྱུར་གསོ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དིང་རི་རྫོང་གི་མངའ་ཁོངས་ཡོངས་སུ་ཁྱོན་གཞི་ཚུགས་༧༥༡ཡོད་པ་དང་། ས་འགུལ་བྱུང་རྗེས། དིང་རི་རྫོང་ཆུ་སྟེང་ཞང་དང་ཆུ་ལྷོ་ཞང་གི་འཕྲིན་གཏོང་ལ་གནོད་སྐྱོན་ཅུང་ཚབས་ཆེན་ཐེབས་པ་དང་། བོད་ལྗོངས་སྤོ་སྒུལ་གྱི་ཆུ་ལྷོ་ཞང་གི་དྲ་སྐུད་ཆད་ཡོད། བོད་ལྗོངས་གློག་འཕྲིན་གྱི་ཆུ་སྟེང་ཞང་གི་ས་གནས་དྲ་གནས་གཅིག་ཆད་པ་དང་། བོད་ལྗོངས་སྦྲེལ་གཏོང་གི་གྲམ་སོ་ཞང་དང་མཚོ་སྒང་་ཞང་གི་འོད་སྐུད་གཉིས་ཆད་་ཡོད། གནས་སྐབས་ཞང་དང་གྲོང་རྡལ་ཡོངས་རྫོགས་འཕྲིན་གཏོང་བཀག་འགོག་ཐེབས་མེད་པ་རེད།

རོགས་སྐྱོབ་ཀྱི་བགྲོད་ལམ་བཤངས་ནས། བོད་ལྗོངས་གཞིས་ཀ་རྩེའི་ལམ་ཁ་ཤས་གནས་སྐབས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག
ཚེས་བདུན་ཉིན་གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། དིང་རི་རྫོང་གི་ཚད་རིམ་༦.༨ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་ལས་དོན་བདེ་བླག་ངང་སྤེལ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས། ད་ལྟ་གཞིས་ཀ་རྩེའི་ས་ཐོག་གི་རྒྱལ་ལམ་G318དང་G219གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གནོད་སེལ་རྒུད་སྐྱོབ་ལས་འགན་ལག་བསྟར་བྱེད་པའི་བབ་བསྟུན་རོགས་སྐྱོབ་རླངས་འཁོར་དང་། གནོད་སེལ་རྒུད་སྐྱོབ་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར། དེ་བཞིན་བཀོད་འདོམས་རླངས་འཁོར་བཅས་ཕུད། འཕྲུལ་འཁོར་གཞན་དག་དོ་དམ་ས་ཁོངས་སུ་འགྲོ་མི་ཆོག
ཞིབ་ཕྲའི་དོ་དམ་ལམ་ཐིག་ནི།
G318桑珠孜段K4872处(曲美乡三岔路口)至定日县;
G219定结段K4737处至定日县;
G318线聂拉木段K5218处至定日县。
དོ་དམ་དུས་ཚོད་ནི་ཚེས་བདུན་ཉིན་ནས་གནོད་སེལ་རྒུད་སྐྱོབ་བབ་བསྟུན་ལས་དོན་མཇུག་བསྒྲིལ་བའི་བར་ཡིན་པ་དང་ཞིབ་ཕྲའི་ཕྱིར་འཐེན་དུས་ཚོད་ལོགས་སུ་བརྡ་ཁྱབ་གཏོང་རྒྱུ་རེད།
གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་དོ་དམ་ས་ཁོངས་ནང་གི་འགྲུལ་སྐྱེལ་རླངས་འཁོར་གྱི་གནས་ཚུལ་དངོས་ལ་གཞིགས་ནས། འཁོར་སྐྱོད་ལམ་ཐིག་ལེགས་སྒྲིག་བྱེད་པའམ་ཡང་ན་འཁོར་སྐྱོད་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པས། རྒྱ་ཆེའི་གྲོང་མིས་སྔོན་ལ་འགྲོ་སྐྱོད་ལམ་ཐིག་འཆར་འགོད་གནང་རོགས་ཞེས་བཤད་པ་རེད།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




