ཁ་ན་ཏས་ཨ་རིའི་རླངས་འཁོར་ལ་ལྟོས་མཉམ་སྒོ་ཁྲལ་བསྡུ་རྒྱུ་དེ་ཚེས་དགུ་ཉིན་འགོ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
| 2025-04-09 来源: | 分享: |
ཚེས་བརྒྱད་ཉིན། ཁ་ན་ཏའི་ནོར་སྲིད་པུའུ་ཡིས། ཨ་རིའི་རླངས་འཁོར་ལ་ལྟོས་མཉམ་སྒོ་ཁྲལ་25%བསྡུ་བའི་བྱེད་ཐབས་དེ་ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་བརྒྱད་ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་དང་སྐར་མ་གཅིག་ནས་འགོ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
ཁ་ན་ཏའི་ནོར་སྲིད་པུའུ་ཀྲང་ཧྲང་ཕེང་ཧྥེ་ཡིས། ཨ་རིས་ཁ་ན་ཏ་ཕྱོགས་ནས་བསྡུས་པའི་ལུགས་མཐུན་མིན་པའི་སྒོ་ཁྲལ་ཚང་མར་ཁ་ན་ཏས་མུ་མཐུད་ཡ་ལན་ནུས་ལྡན་བསློག་རྒྱུ་ཡིན་ཞེས་བཤད་པ་རེད། ཁ་ན་ཏའི་སྲིད་གཞུང་གིས་ཨ་རིའི་སྒོ་ཁྲལ་དེ་དག་གང་མགྱོགས་མེད་པ་བཟོས་ནས། ཁ་ན་ཏའི་བཟོ་པ་དང་ཁེ་ལས། དཔལ་འབྱོར། བཟོ་ལས་བཅས་སྲུང་སྐྱོང་བྱ་ཆེད་བློ་བརྟན་འགྱུར་མེད་ཀྱི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད།
ཧྲང་ཕེང་ཧྥེ་ཡིས། ཁ་ན་ཏས་ད་དུང་རླངས་འཁོར་ཐོན་སྐྱེད་ཚོང་པར་དམིགས་ནས་ཆག་ཡང་གི་ཇུས་གཞི་ལག་བསྟར་བྱས་ནས། རླངས་འཁོར་ཐོན་སྐྱེད་ཚོང་པས་ཁ་ན་ཏར་ཐོན་སྐྱེད་དང་མ་འཇོག་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་འབྲེལ། ཁ་ན་ཏའི་ལས་ཞུགས་ལས་གནས་རྒྱུན་འཁྱོངས་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཟེར།
ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་སྤྱི་བསྒྲགས་ལ་མིང་རྟགས་བཀོད་དེ། ནང་འདྲེན་རླངས་འཁོར་ལ་སྒོ་ཁྲལ་25%སྣོན་བསྡུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས། སྒོ་ཁྲལ་གྱི་བྱེད་ཐབས་འདི་ཟླ་བཞི་པའི་ཚེས་གསུམ་ཉིན་དངོས་སུ་ལག་བསྟར་བྱས་ཡོད། ཟླ་བཞི་པའི་ཚེས་གསུམ་ཉིན་ཁ་ན་ཏའི་ཙུང་ལི་ཁ་ཉི་ཡིས། ཨོ་ཐའེ་ཧྭ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཁ་ན་ཏའི་སྲིད་གཞུང་གིས་ཨ་རི་དང་འདྲ་བའི་བྱེད་ཐབས་སྤྱད་དེ་ཨ་རི་དང་མེག་སི་ཁོ། ཁ་ན་ཏ་བར་གྱི་གྲོས་ཆོད་དང་མི་མཐུན་པའི་ཨ་རིའི་ནང་འདྲེན་རླངས་འཁོར་ཚང་མར་སྒོ་ཁྲལ་25%བསྡུ་རྒྱུ་ཡིན་ཞེས་བཤད་པ་རེད།
ཁ་ན་ཏའི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོར་ཁ་ན་ཏས་ཨ་རི་ནས་ནང་འདྲེན་བྱས་པའི་རླངས་འཁོར་རིན་གོང་བསྡོམས་འབོར་ཁ་ན་ཏའི་སྒོར་དུང་ཕྱུར་356ཟིན་པ་དང་། དེ་ཧ་ལམ་ཨ་སྒོར་དུང་ཕྱུར་250དང་མཚུངས།
ཡོང་ཁུངས། ཞིན་ཧྭ་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




