རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་ཚོགས་འདུ་འཚོག་འགོ་བརྩམས།
| 2025-10-28 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
༢༠༢༥ལོའི་ཟླ་༡༠པའི་ཚེས་༢༧ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་སི་ཁྲོན་ཁྲེང་ཏུའུ་ནས་འཚོག་འགོ་བརྩམས་པ་རེད།
ཐེངས་འདིའི་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་ཁམས་པའི་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་ཤིང་། སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་ནས་ཚོགས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་རྒྱལ་ཡོངས་བོད་སྐད་ཡིག་འཕྲིན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་ད་ལྟའི་བར་དུ་ཐེངས་ཉེར་གཉིས་འཚོགས་པ་དང་། དེ་ནི་བོད་སྐད་ཡིག་གི་འཕྲིན་སྦྱོར་ལས་ཁུངས་ཁག་གིས་རྡོག་རྩ་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱི་ལམ་ནས་ལོ་རེའི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར། དུས་དེབ། འཕྲིན་སྦྱོར་གསར་པ་སོགས་འདུས་པའི་ཕུལ་བྱུང་བརྩམས་ཆོས་དང་། རིག་གཞུང་དཔྱད་རྩོམ། ཐ་སྙད་གསར་པ་སོགས་ལ་དཔྱད་དཔོག་དང་ཞིབ་བསྡུར། བཀས་བཅད་སོགས་གནང་ནས་ཐུན་མོང་ཐོག་བོད་སྐད་ཡིག་གི་འཕྲིན་སྦྱོར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་རྒྱལ་ཡོངས་བོད་སྐད་ཡིག་གི་འཕྲིན་སྦྱོར་ལས་ཁུངས་སུམ་ཅུ་སོ་དྲུག་ཙམ་གྱི་བརྩམས་ཆོས་རིགས་ལྔ་བརྒྱ་ལྷག་དང་ཐ་སྙད་གསར་པ་བཞི་བརྒྱ་ལྷག་འབྱོར་ཡོད་ཅིང་། མ་འོངས་པའི་ཉིན་ཁ་ཤས་ནང་ཕྱོགས་སོ་སོ་ནས་ཕེབས་པའི་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ། ལས་སྒྲུབ་མི་སྣ་བཅས་ཀྱིས་མཐུན་སྦྱོར་མཉམ་ལས་དང་གསར་གཏོད་འཕེལ་རྒྱུས། ཕན་འབྲས་གཙིགས་འཛིན་བཅས་དམིགས་ཡུལ་དུ་བཟུང་ནས། བརྩམས་ཆོས་ཀྱི་རིགས་དང་ཁྱད་ཆོས་ལྟར་ཚོ་ཆུང་བཅུ་ལ་བགོས་ཏེ་མཉམ་དུ་དཔྱད་དཔོག་གནང་རྒྱུ་ཡིན་པར་མ་ཟད། ད་དུང་ཡུལ་དངོས་རྟོག་ཞིབ་དང་རིག་གཞུང་བགྲོ་གླེང་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་བོད་སྐད་ཡིག་གི་འཕྲིན་སྦྱོར་བྱ་གཞག་འཕེལ་རྒྱས་སྐོར་ལ་ཚང་མས་མཉམ་དུ་སྟོབས་ཤུགས་དང་བློ་རིག་འབུལ་རྒྱུ་རེད།




