རབ་འབྱམས་པ་ལིའུ་ལི་ཕིང་གི་བོད་སྐྱོར་ལམ་བུ།
| 2023-08-17 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ལོ42སོན་པའི་རབ་འབྱམས་པ་ལིའུ་ལི་ཕིང་ནི་ཁྲང་ཅང་སློབ་ཆེན་ལྡུམ་རའི་ལག་རྩལ་སྐྱེད་ཚལ་སློབ་གླིང་གི་སློབ་དཔོན་གཞོན་པ་ཞིག་ཡིན་ལ། མོས2020ལོ་ནས་བཟུང་ཁྲང་ཅང་སློབ་ཆེན་སྟར་ག་ཚན་རྩལ་ཆེད་མངག་ཚོགས་པའི་བོད་ལྗོངས་རྒྱ་ཚ་རྫོང་དུ་རྒྱུན་སྡོད་བྱས་ནས་ལས་གཉེར་མགོ་བརྩམས་ཏེ། ཁྲང་ཅང་སློབ་ཆེན་བོད་ལྗོངས་མཐོ་སྒང་སྟར་གའི་ཐོན་ལས་ཞིབ་འཇུག་ཁང་བཙུགས་པ་དང་། ཞིབ་འཇུག་ཁང་དེའི་རྒྱུན་ལས་སའོ་ཀྲང་གཞོན་པའི་ལས་འགན་ཁུར་བཞིན་པའི་ལིའུ་ལི་ཕིང་ནི་ཚོགས་པ་ནང་གི་བོད་ལྗོངས་སུ་སྡོད་པའི་དུས་ཚོད་ཆེས་རིང་བའི་ཆེད་མཁས་མི་སྣ་ཞིག་ཏུ་གྱུར། ད་ལྟའི་བར་དུ་མོ་བོད་ལྗོངས་སུ་བསྡོམས་པས་ཟླ23ལ་བསྡད་ཡོད།

རབ་འབྱམས་པ་ལིའུ་ལི་ཕིང་གིས་རྒྱ་ཚ་རྫོང་མངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོ་རུ་ལོ1800ལྷག་གི་གནའ་བོའི་སྟར་ག་སྡོང་བོ་ཞིག་ལ་ལྟ་བཞིན་པ།
བོད་ལྗོངས་སུ་སྡོད་པའི་རིང་ལ་མོས་རང་གི་ལས་གྲོགས་ཚོ་དང་མཉམ་དུ་མཐོ་སྒང་གི་སྟར་ག་སྦྱར་ག་སྤྲོད་པའི་ལག་རྩལ་ཚོད་ལྟ་བྱས་པ་དང་། མིག་སྔར་སྦྱར་ག་སྤྲོད་པའི་སྟར་གའི་གསོན་ཚད80%ལས་བརྒལ་ཡོད། ཁོང་ཚོས་ད་དུང་རྒྱ་ཚ་རྫོང་གི་ལོ་ངོ་སྟོང་ཕྲག་ལྡན་པའི་གནའ་བོའི་སྟར་སྡོང་གི་ཐོན་ཁུངས་ནས་སྤུས་ལེགས་ཅན་གྱི་སྦྱར་ག་སྤྲོད་པའི་སྡོང་རྐང་མྱུ་གུ6བདམས་ཤིང་། རྗེས་མར་སྤུས་ལེགས་སྡོང་རྐང་གི་ཡག་ག་གསོ་སྤེལ་བརྒྱུད་དེ་མྱུ་གུར་སྦྱར་ག་སྤྲོད་པའི་ཚོགས་ཁྱུ་རྒྱ་ཆེར་བཏང་ནས་རྒྱ་ཚ་རྫོང་གི་སྟར་གའི་ཐོན་ལས་གཞི་ཁྱོན་ཆེ་བའི་མྱུ་གུ་སྤུས་ལེགས་ཁྱབ་གདལ་གཏོང་བར་རྨང་གཞི་འཛུགས་རྒྱུ་རེད།

འདི་ནི་རྒྱ་ཚ་རྫོང་དུ་ཡོད་པའི་ཁྲང་ཅང་སློབ་ཆེན་གྱི་བོད་ལྗོངས་མཐོ་སྒང་སྟར་གའི་ཐོན་ལས་ཞིབ་འཇུག་ཁང་ཡིན།
ཉེ་བའི་ལོ་འགའི་རིང་ལ་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། བོད་ལྗོངས་ས་གནས་ཀྱི་འབྲི་གཡག་དང་ནས། བོད་ལུག ཁྱད་ལྡན་འོ་ལས་སོགས་ཀྱི་ལེགས་ཆའི་ཐོན་ལས་མ་གཏོགས། ཞིང་ཆེན་དང་གྲོང་ཁྱེར་གཞན་ནས་ཡོང་བའི་ཞིང་ཕྱུགས་ལས་ཐོན་ལས་གསར་བ་སྐོར་ཞིག་དང་། ལག་རྩལ་གསར་བ་ཡང་ཁྱབ་གདལ་དང་བེད་སྤྱོད་ཐུབ་ནས་མཐོ་སྒང་ཐོག་གི་ཞིང་ཕྱུགས་ཐོན་ལས་གསར་བ་ཞིག་ཆགས་ཡོད། ཐོན་ལས་འཕེལ་རྒྱས་དང་བསྟུན་ནས“ཞིང་བ་གསར་བ”སྐོར་ཞིག་ཀྱང་བྱུང་། ཁོང་ཚོ་བོད་ལྗོངས་སུ་གཞིས་ཆགས་ཏེ་གངས་ལྗོངས་མཐོ་སྒང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་ནུས་ལྡན་ངང་སྦྲེལ་མཐུར་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་འདོན་བཞིན་ཡོད།

རབ་འབྱམས་པ་ལིའུ་ལི་ཕིང་གིས་མཐོ་སྒང་གི་སྟར་ག་ཞིབ་འཇུག་ཁང་དུ་སྟར་གའི་ཤིང་ཏོག་གསོ་སྤེལ་གནས་ཚུལ་ལ་བརྟག་དཔྱད་བྱེད་པ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་སྟར་གའི་ཐོན་ཁོངས་ཕུན་སུམ་ཚོགས་པོ་ཡོད་ལ། ལོ་ངོ་སྟོང་ཕྲག་ཡན་གྱི་གནའ་བོའི་སྡོང་པོ500ལྷག་ཡོད། ཡིན་ཡང་རྒྱ་ཚ་རྫོང་གི་སྟར་ག་སྡོང་བོ་མང་ཆེ་ཤས་ས་བོན་བརྒྱུད་ནས་གསོ་སྤེལ་བྱེད་པས་འཁོར་ཡུན་རིང་ཞིང་ཐོན་ཚད་དམའ་བ། སྡོང་བོ་རེ་རེའི་ཤིང་ཏོག་གི་ཕྱི་ཚུལ་དང་སྤུས་ཀར་ཁྱད་པར་ཆེ་བས་ཚོང་རྫས་ཅན་དུ་སྒྱུར་བར་དཀའ་ཁག་ཆེན་པོར་འཕྲད་ཡོད།

རབ་འབྱམས་པ་ལིའུ་ལི་ཕིང་གིས་མཐོ་སྒང་གི་སྟར་ག་ཞིབ་འཇུག་ཁང་དུ་སྟར་གའི་ཤིང་ཏོག་གི་མ་དཔེ་ལ་བརྟག་དཔྱད་བྱེད་པ།
ལིའུ་ལི་ཕིང་གིས་ངོ་སྤྲོད་ལྟར་ན། ཞིབ་འཇུག་ཁང་གིས་ད་ལོར་ལོ་ངོ་བརྒྱ་ཕྲག་ཡན་གྱི་གནའ་བོའི་སྟར་ག་སྡོང་བོ3000ལྷག་གི་ཡོངས་ཁྱབ་ཞིབ་བཤེར་དང་བྱང་བུ་འགེལ་བའི་ལས་དོན་ལེགས་འགྲུབ་ཟིན་པ་དང་། བྱང་བུ་བཀལ་ནས་སྲུང་སྐྱོང་བྱས་པ་མ་ཟད་གནའ་སྡོང་རེ་རེའི་གནས་ཐིག་གཏན་ཁེལ་གཞི་གྲངས་དང་རྨང་གཞིའི་གནས་ཚུལ་ས་གཤིས་ཆ་འཕྲིན་མ་ལག་ནང་བཅུག་སྟེ། རྒྱ་ཚ་རྫོང་གི་སྟར་གའི་མ་སྡོང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པར་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཟེར།

རབ་འབྱམས་པ་ལིའུ་ལི་ཕིང་གིས་རྒྱ་ཚ་རྫོང་མངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོ་རུ་སློབ་མར་མཛུབ་སྟོན་བྱས་ནས་གནའ་བོའི་སྟར་ག་སྡོང་བོ་ཞིག་ལ་བྱང་བུ་འགེལ་བ།
ལས་དོན་དེ་དག་འགྲུབ་ཆེད། ལིའུ་ལི་ཕིང་ཁོང་ཉིད་རྒྱ་ཚ་རྫོང་གི་སྟར་ག་སྡོང་བོ་ཡོད་སའི་གྲོང་རྡལ་དང་གྲོང་ཚོ20རེ་རེར་བསྐྱོད་པ་དང་། གྲོང་ཚོ་དེ་དག་ཏུ་བསྐྱོད་ཚེ་མོས་ཐེངས་རེ་རེར་གྲོང་རྡལ་སོ་སོ་དང་རང་འགུལ་ངང་འབྲེལ་བ་བཙུགས་ནས་རིགས་སོ་སོའི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལག་རྩལ་ཞབས་ཞུ་ལས་དོན་སྤེལ་བ་རེད།

རབ་འབྱམས་པ་ལིའུ་ལི་ཕིང་གིས་རྒྱ་ཚ་རྫོང་མངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོའི་གྲོང་མི་དང་སྟར་ག་སྡོང་པོའི་གསོ་སྤེལ་ལག་རྩལ་ཕྱོགས་ཁ་བརྡ་བྱེད་བཞིན་པ།
སྟར་ག་སྡོང་བོའི་ཚན་རྩལ་བོད་སྐྱོར་ལས་གཞི་དེས་རྒྱ་ཚ་རྫོང་གི་སྟར་སྡོང་ཐོན་ལས་ལ་གཤོག་ཟུང་བསྩལ་ཞིང་། ད་ལྟ། རྒྱ་ཚ་རྫོང་གིས་ཤུགས་ཆེན་པོས་མཐོ་སྒང་གི་སྤུས་ལེགས་སྟར་གའི་སྣུམ་དང་སྟར་ཀའི་ཐཱད་སོགས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས། སྟར་གའི་ཐོན་ལས་སྲོལ་རྒྱུན་གྱི་འདེབས་འཛུགས་ནས་ཁྱད་ལྡན་ལས་སྣོན་དུ་སྒྱུར་བར་རམ་འདེགས་བྱེད་བཞིན་ཡོད། །

འདི་ནི་རྒྱ་ཚ་རྫོང་གི་སྟར་ག་ལས་དོན་ཁེ་ལས་ཞིག་གི་ཐོན་རྫས་འགྲེམ་ཁུལ་ཡིན།




