༢༠༢༢ལོར་ནུས་ཁུངས་གསར་བརྗེ་ཟབ་སྤེལ་བྱས་པ་དང་བསྟུན་ནས། རང་རྒྱལ་གྱིས་བསྐྱར་སྐྱེས་ནུས་ཁུངས་འཕེལ་རྒྱས་ལ་འགག་སྒྲོལ་གསར་པ་ཐུབ།
| 2023-02-14 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནུས་ཁུངས་གསར་པ་དང་འབག་མེད་ནུས་ཁུངས་འཕེལ་རྒྱས་གཏོང་བ་དེ་དེ་བས་འབུར་དུ་ཐོན་པའི་གནས་སུ་འཇོག་དགོས་ཞེས་གསུངས་སྟབས། ༢༠༢༢ལོར། ནུས་ཁུངས་གསར་བརྗེ་ཟབ་སྤེལ་བྱས་པ་དང་བསྟུན་ནས། རང་རྒྱལ་གྱིས་བསྐྱར་སྐྱེས་ནུས་ཁུངས་འཕེལ་རྒྱས་ལ་འགག་སྒྲོལ་གསར་པ་ཐུབ་པ་དང་། གློག་འདོན་འཕྲུལ་འཁོར་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཡོངས་སོལ་གློག་འདོན་ཚད་ལས་བརྒལ་ནས། གཞི་ཁྱོན་ཆེ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་ཡོད།
དཔྱིད་གསར་ནས་བཟུང་། རྒྱལ་ཡོངས་ཀྱིས་གློག་དྲྭ་ཆེན་མོའི་ཐོག འབག་མེད་གློག་ནུས་མི་ཉུང་བ་ཞིག་ཁ་སྣོན་བྱས་ཡོད་དེ།
འབྲི་ཆུའི་ཐོག པའེ་ཧོ་ཐན་ཆུ་གློག་ས་ཚིགས་ཀྱི་འཕྲུལ་འཁོར་ཚན་པ་བཅུ་དྲུག་ཚང་མས་གློག་འདོན་འགོ་ཚུགས་ཡོད་དེ། ཉིན་རེར་གློག་ཏུའུ་དུང་ཕྱུར་གཅིག་ལྷག་འདོན་ཐུབ། མདོ་དབུས་མཐོ་སྒང་ཐོག་གཏེར་ལེན་ཁའི་རྒྱལ་ཁབ་རླུང་གློག་འོད་ནུས་རྟེན་གཞི་རུ། སྟོང་ཝ་འབུམ་བདུན་ཡོད་པའི་འོད་གློག་འཕྲུལ་ཆས་གློག་དྲྭ་སྦྲེལ་ནས་གློག་བཏོན་པ་རེད།
ཐིང་གུ་ལེ་བྱེ་ཐང་འགྲམ་དུ། ཐོན་སྐྱེད་ཞུགས་མ་ཐག་གི་རླུང་གློག་འཕྲུལ་ཆས་ཚན་པ་དྲུག་ཅུ་རླུང་ལ་བརྟེན་ནས་འཁོར་བཞིན་ཡོད་དེ། སྐོར་བ་གཅིག་ལས་གློག་ཏུའུ་བཞི་བརྒྱ་བརྒྱད་ཅུ་འདོན་ཐུབ་པ་རེད།
༢༠༢༢ལོར་རྒྱལ་ཡོངས་ཆུ་གློག་དང་རླུང་གློག འོད་གློག་སོགས་སླར་སྐྱེས་ནུས་ཁུངས་ལོ་རེ་ལ་གསར་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་འགོད་བཞིན་ཡོད་དེ། རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་བརྒྱ་ཆའི་དོན་དྲུག་ཟིན་ནས། རང་རྒྱལ་ཀྱི་གློག་ཤུགས་ཁ་སྣོན་བྱེད་པའི་འཕྲུལ་ཆས་གཙོ་བོར་གྱུར་ཡོད་པ་རེད། ༢༠༢༢ལོའི་ལོ་མཇུག་བར་རང་རྒྱལ་གྱིས་བསྐྱར་སྐྱེས་ནུས་ཁུངས་ཀྱི་འཕྲུལ་འཁོར་ལས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་བཅུ་གཉིས་དང་བྱེ་བ་གཅིག་ས་ཡ་གསུམ་ཡིན་ལ། དེས་རྒྱལ་ཡོངས་ཀྱི་སོལ་གློག་འདོན་ཚད་ལས་བརྒལ་ཞིང་། རྒྱལ་ཡོངས་ཀྱི་གློག་འདོན་ཚད་ཀྱི་བརྒྱ་ཆའི་ཞེ་བདུན་ཚེག་གསུམ་ཟིན་པ་དང་། ལོ་རེར་གློག་འདོན་ཚད་ཏུའུ་དུང་ཕྱུར་ཉིས་ཁྲི་བདུན་སྟོང་ཡིན་ལ། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་བརྒྱ་ཆའི་སོ་གཅིག་ཚེག་དྲུག་ཟིན་ཡོད་པ་དེ། ཡོ་རོབ་མནའ་འབྲེལ་གྱི་༢༠༢༡ལོའི་ལོ་ཧྲིལ་བོའི་གློག་སྤྱོད་ཚད་དང་འདྲ་བ་རེད།
རང་རྒྱལ་གྱི་བསྐྱར་སྐྱེས་ནུས་ཁུངས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་བའི་གཞི་རྩ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡིན་ལ། ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་གཏོད་རང་བཞིན་གྱི་སྒོ་ནས་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་པ་དང་། སྐུ་དངོས་སུ་ནུས་ཁུངས་གསར་བརྗེ་ལ་མཛུབ་སྟོན་གནང་ཞིང་། ཉིས་སྟོང་ཉི་ཤུ་ལོ་ནས། ཁོང་གིས་འཛམ་གླིང་ཡོངས་སུ་ཀྲུང་གོའི་ཐཱན་རྩེར་སོན་དང་ཐཱན་གཏོང་སྙོམས་ཀྱི་དམིགས་འབེན་བཏོན། དེའི་རྗེས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཁོང་གིས། ནུས་ཁུངས་མ་ལག་གསར་པ་འཆར་འགོད་དང་འཛུགས་སྐྲུན་ཇེ་མགྱོགས་གཏོང་དགོས་པ་གསུངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཁུངས་བདེ་འཇགས་མཁོ་འདོན་དང་འབག་མེད་ཐཱན་ཉུང་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་དང་གཞི་འཛིན་སར་བཏོན་ཡོད། དེ་སང་བྱེ་ཐང་གྲམ་ཐང་ནས་སྔོ་ཞིང་དྭངས་པའི་རི་ཀླུང་། འཛམ་གླིང་མཐོ་སྒང་ཡང་རྩེ་ནས་རྒྱ་ཆེ་ཞིང་དཀྱེལ་ཡངས་པའི་རྩྭ་ཐང་བར། སླར་སྐྱེས་ནུས་ཁུངས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་་མཆིས།ཤང་ཅ་ཆུ་རགས་དང་། ཞི་ལོ་ཏུའུ། ཝུའུ་ཏུང་ཏི། པེ་ཧུ་ཐན་སོགས་ཆུ་གློག་ས་ཚིགས་ཆེན་པོ་བསྟུན་མར་གྲུབ་ཅིང་བེད་སྤྱོད་བྱེད། ཀན་སུའུ་ཅུས་ཆོན་དང་། ཞིན་ཅང་ཧ་སྨི། ཧོ་པེའི་ཀྲང་ཅ་ཁུའུ་སོགས་སྟོང་ཝ་ཁྲི་སྟོང་རིམ་པའི་ཆུ་གློག་དང་རླུང་གློག འོད་གློག་རྟེན་གཞི་གྲུབ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་པས། རང་རྒྱལ་གྱི་ཆུ་གློག་དང་། རླུང་གློག འོད་གློག་གློག་འདོན། སྐྱེ་དངོས་དངོས་རྫས་གློག་འདོན་འཕྲུལ་འཁོར་བཅས་ཚང་མའི་གཞི་ཁྱོན་གྱི་བསྟུད་མར་ལོ་མང་པོར་འཛམ་གླིང་གི་ཨང་དང་པོར་གནས་ཡོད་ལ། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་འོད་གློག་སྒྲིག་ལྷུ་དང་། རླུང་ཤུགས་གློག་འདོན་འཕྲུལ་ཆས། སོ་སྒམ་སོགས་གནད་འགག་གི་ལྷུ་ལག་རྣམས་འཛམ་གླིང་གི་ཚོང་རའི་བརྒྱ་ཆའི་བདུན་ཅུར་ཟིན་ཡོད། ཉིས་སྟོང་ཉེར་གཉིས་ལོར། འཛམ་གླིང་གི་བསྐྱར་སྐྱེས་ནུས་ཁུངས་ཀྱི་དབྱང་གཉིས་ཐཱན་རྫས་ཇེ་ཉུང་གཏོང་བའི་ཁྲོད་དུ། ཀྲུང་གོས་བཟོས་པའི་སྒྲིག་ཆས་བྱས་རྗེས་བརྒྱ་ཆའི་བཞི་བཅུ་ལས་བརྒལ་ཡོད། རང་རྒྱལ་ནི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ཧུར་གྱིས་ཞུགས་མཁན་དང་། བྱས་རྗེས་གལ་ཆེན་འཇོག་མཁན་དུ་གྱུར་ཡོད། མིག་སྔར། རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་བསྐྱར་སྐྱེས་ནུས་ཁུངས་སྤུས་མཐོའི་འཕེལ་རྒྱས་བྱུང་བར་འབད་བཞིན་ཡོད་དེ། བྱེ་ཐང་དང་གྲམ་ཐང་། ཐང་རྒོད་ས་ཁུལ་གཙོ་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་དང་། ཧོ་ཞི་འཁྱམ་ལམ། རྨ་ཆུའི་འབབ་རྒྱུད། ཞིན་ཅང་སོགས་སྐམ་སའི་ནུས་ཁུངས་གསར་པའི་རྟེན་གཞི་ཆེན་པོ་བདུན་དང་། བོད་ལྗོངས་ཤར་ལྷོ་དང་། སི་ཁྲོན་དང་ཡུན་ནན། ཀུའེ་ཀྲོའུ། ཀོང་ཞི་བཅས་ཀྱི་ཆུ་རླུང་འོད་གསུམ་ཕྱོགས་བསྡུས་རྟེན་གཞི་ཆེན་པོ་གཉིས་དང་། མཚོ་ངོས་རླུང་གློག་རྟེན་གཞི་ཚོགས་པ་བཅས་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་བཞིན་ཡོད།
རླུང་གློག་མཚོ་གཏིང་ཟབ་སར་རྒྱ་བསྐྱེད་ཆེད། རང་རྒྱལ་གྱི་མཚོ་གཏིང་ཟབ་ཚད་སྨི་བརྒྱ་ལས་བརྒལ་བ་དང་། མཚོ་འགྲམ་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཡོད་པའི་མཚོ་ངོས་གཡེང་བའི་རླུང་གློག་སྟེགས་བུ་ཐོག་མ་སྟེ་མཚོ་སྣུམ་ཀན་ལན་རྟགས་ཅན་ཚ་ཚ་འུར་འུར་གྱིས་ཚོད་སྒྲིག་བྱེད་བཞིན་ཡོད་ལ། ད་ལོའི་ཟླ་བདུན་པར་བཀོལ་སྤྱོད་བྱེད་ཐུབ་ངེས་རེད།
ནུས་ཁུངས་གསར་པ་གཞི་རྒྱ་ཆེན་པོས་བེད་སྤྱོད་གཏོང་ཆེད། ནང་སོག་ཝུའུ་ལན་ཚ་པུའུ་ནས། སྲ་གཟུགས་ལི་གྱེས་རྡུལ་གློག་རྫས་དང་ནྰ་གྱེས་རྡུལ་གློག་རྫས། འཕུར་འཁོར་གསོག་ནུས་སོགས་གསོག་ནུས་ལག་རྩལ་དཔྱད་བཤེར་སྟེགས་བུ་རིགས་བདུན་མགྱོགས་མྱུར་དུ་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ༢༠༢༥ལོའི་བར། རང་རྒྱལ་གྱི་རླུང་གློག་དང་ཉི་ནུས་ཀྱི་གློག་འདོན་ཚད་དེས་༢༠༢༠ལོའི་རྨང་གཞིའི་ཐོག་ལྡབ་འཕར་སྲིད་ཅིང་། སྤྱི་ཚོགས་ཡོངས་སུ་གསར་དུ་ཇེ་མང་སོང་བའི་གློག་སྤྱོད་ཚད་ཁྲོད། སླར་སྐྱེའི་ནུས་ཁུངས་ཀྱི་གློག་འདོན་ཚད་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ་ཐུབ་རྒྱུ་རེད་ཟེར།




