ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་མར་ཁེ་ལུང་དང་གྲོས་མོལ་གནང་།
| 2023-04-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

དགའ་བསུའི་མཛད་སྒོ་གནང་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་རུ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧྥ་རན་སིའི་ཙུང་ཐུང་མར་ཁེ་ལུང་དང་གྲོས་མོལ་གནང་། ཞི་ཅིན་ཕིང་གིས་མར་ཁེ་ལུང་ཡང་བསྐྱར་ཀྲུང་གོ་རུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་དེང་རབས་འཛམ་གླིང་ལ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་མོ་དང་འཕྲད་ཡོད་ལ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་རང་ཚུགས་རང་བདག་ཅན་གྱི་སྲོལ་རྒྱུན་རྒྱལ་ཁབ་ཆེན་མོ་ཞིག་རེད། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་སྤེལ་བརྟན་མཁན་ཡིན་པས་འགལ་བ་དང་ཚོད་འཛིན་ལས་ཐར་བའི་ནུས་པ་དང་འགན་འཁྲི་ཡོད་ལ། བརྟན་བརླིང་དང་གཉིས་ཁེ། རྒྱ་བསྐྱེད། ཡར་བརྩོན་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་རིང་ལུགས་དངོས་སུ་ལག་བསྟར་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་ཧྥའི་བར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་གདེང་འཇོག་ཆེན་པོ་གནང་སྟེ། ཁོང་གིས་བརྟན་བརླིང་རང་བཞིན་ནི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འབུར་ཐོན་ཁྱད་ཆོས་དང་རྒྱུ་ནོར་རྩ་ཆེན་ཡིན་པས་ཕྱོགས་གཉིས་ཀྱིས་སྲུང་སྐྱོང་ནན་མོ་བྱེད་འོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་དང་ཆུ་ཚད་མཐོ་བའི་འབྲེལ་གཏུག་བགྲོད་ལམ་བེད་སྤྱོད་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་འབྲེལ་བ་དམ་པོ་རྒྱུན་འཁྱོངས་བྱེད་དགོས། ད་ལོར་ཀྲུང་གོ་དང་ཧྥ་རན་སིས་འཐབ་ཇུས་དང་དཔལ་འབྱོར་ནོར་སྲིད་དང་དངུལ་རྩ། མི་ཆོས་རིག་གནས་སྤེལ་རེས་བཅས་བྱེད་པའི་མཐོ་རིམ་གླེང་མོལ་ལམ་ལུགས་ཆེན་མོ་གསུམ་གྱི་གྲོས་ཚོགས་གསར་པ་འཚོག་རྒྱུ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་བྱེད་དགོས་ལ། ཕན་ཚུན་སྲོག་ཤིང་གི་ཁེ་ཕན་ལ་བརྩི་བཀུར་བྱས་ནས། འགལ་བ་དོ་དམ་ཚོད་འཛིན་ཐག་གཅོད་ཡག་པོ་བྱེད་དགོས། གཉིས་ཁེ་མཉམ་ཕན་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་ནུས་ཤུགས་ཡོད་རྒུས་སྤུས་མཐོའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་སྐུལ་སྤེལ་བྱེད་བཞིན་ཡོད། འདིས་ཧྥ་རན་སི་ལ་སྔར་བས་ཚོང་རའི་གོ་སྐབས་ཆེན་མོ་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་ཞིང་ལས་དང་བཟའ་བཅའ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། དམངས་སྤྱོད་ཉིང་ནུས་སོགས་ཁྱབ་ཁོངས་ནང་ལ་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཞབས་ཞུ་ཉོ་ཚོང་དང་འབག་མེད་འཕེལ་རྒྱས། ཚན་རྩལ་གསར་གཏོད་སོགས་མཉམ་ལས་ཀྱི་འཕར་གནས་གསར་པ་གསོ་སྐྱོང་བྱེད་ཅིང་། ཕྱོགས་གཉིས་ཀྱིས་ཐཱ་དོ་སྙོམས་ལྟེ་གནས་མཉམ་འཛུགས་དང་འཇོན་མི་མཉམ་འབྲེལ་གསོ་སྐྱོང་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་ཡོད། ཧྥ་རན་སི་ཡིས་༢༠༢༤ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་འདུ་ཚོགས་དང་སྐབས་བདུན་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་འགན་ཁུར་བར་དགའ་བསུ་ཞུས་ཤིང་། ཧྥ་རན་སི་ཡིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་དྲང་བདེན། དམའ་འབེབས་མེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་རེ་བ་ཡོད། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་༢༠༢༤ལོར་ཀྲུང་གོ་དང་ཧྥ་རན་སིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་དྲུག་ཅུར་འཁོར་བ་དང་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོ་དང་ཕེ་རེས་ཨའོ་རྩལ་འགྲན་ཚོགས་བཅས་གོ་སྐབས་སུ་བཟུང་ནས། འབྲེལ་ཡོད་ཁྱབ་ཁོངས་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་ཧྥ་རན་སི་དང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་ལས་ཁུངས་བར་སྤེལ་རེས་དང་མཉམ་ལས་ཟབ་མོ་བྱས་ནས། མཉམ་དུ་མིང་དོན་མཚུངས་པའི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་གནད་དོན་སོགས་ལ་ལག་གདང་སྦྲེལ་ཏེ་ཁ་གཏད་འཇལ་འདོད་་ཡོད། ཀྲུང་གོས་ཧྥ་རན་སིས་༢༠༢༥ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་བདེ་བླག་ངང་འཚོག་པར་རྒྱབ་སྐྱོར་དང་། ཧྥ་རན་སིས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྩེ་འཛོམས་གླེང་སྟེགས་ནང་ཞུགས་པར་དགའ་བསུ་ཞུ་ཞེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས་འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་དང་ཚོང་ར་ཆེན་པོ་གཉིས། དཔལ་ཡོན་ཆེན་པོ་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བས་ཕྱོགས་གཉིས་ལ་ཕན་བདེ་བསྐྲུན་པ་དང་འཛམ་གླིང་དར་རྒྱས་དང་བརྟན་བརླིང་བྱེད་པར་འབྲེལ་བ་ཆེན་པོ་ཡོད། ཀྲུང་གོས་ཡོ་རོབ་སྲིད་ཇུས་ཡུན་རིང་བརྟན་པོ་ཡོང་བར་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཡོ་རོབ་ནི་སྣེ་མང་ཅན་གྱི་འཛམ་གླིང་ནང་གི་རང་རྐྱ་ཐུབ་པ་ཞིག་ཡིན་པར་རྩི་བཞིན་ཡོད་ལ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ནི་ཁ་གཏད་མི་ལངས་པ་དང་གཞན་ལ་མི་བརྟེན་པ། ཕྱོགས་གསུམ་པས་ཚོད་འཛིན་མི་བྱེད་པར་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་ཡོ་རོབ་དང་མཉམ་དུ་ད་ལོའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བར་གོ་སྐབས་སུ་འཛིན་ནས། ཕྱོགས་ཡོངས་སྤེལ་རེས་གླེང་མོལ་བྱེད་འགོ་ཚུགས་ཤིང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འཕེལ་ཕྱོགས་གཙོ་བོ་བརྟན་པོ་བྱེད་པ། མཁོ་འདོན་མ་ལག་བརྟན་ཞིང་ཡིད་རྟོན་ཆེ་བའི་རོགས་ཟླའི་འབྲེལ་བ་འཛུགས་པར་འཚོལ་ཞིབ་བྱས་ནས། གཉིས་ཁེ་མཉམ་ཕན་ཡོང་བར་བྱེད་འདོད་ཡོད་ལ། ཧྥ་རན་སིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་རེ་བ་ཡོད་ཅེས་གསུངས།
མར་ཁེ་ལུང་གིས་ངས་ལོ་ངོ་གསུམ་གྱི་སྔོན་ལ་ཀྲུང་གོར་འཚམས་འདྲི་བྱས་ཚུལ་བློ་ལ་གསལ་གྱི་ལེར་འཆར་ཞིང་། ཡང་བསྐྱར་ཀྲུང་གོར་འཚམས་འདྲི་ཞུ་ཐུབ་པར་དགའ་པོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧྥ་རན་སི་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རིམ་འཕར་བྱེད་པར་མཉམ་དུ་འཚོལ་ཞིབ་བྱ་རྒྱུ་ཡིན་ལ། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འབྲེལ་བར་གདེང་འཇོག་གནང་བ་དང་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་དགོངས་འཆར་བཅས་ལ་མོས་མཐུན་ཆེན་པོ་ཡོད། སང་ལོར་ཧྥ་རན་སི་དང་ཀྲུང་གོས་ཕྱི་འབྲེལ་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་རེད། ལོ་ངོ་དྲུག་ཅུའི་རིང་། ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་པོ་དང་བདེ་བླག་ངང་འཕེལ་རྒྱས་བྱུང་ཡོད་ལ། ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཐབས་ལམ་མི་འདྲ་ནའང་། ཕྱོགས་གཉིས་ཀྱི་ཕན་ཚུན་བརྩི་བཀུར་དང་། ལྷག་བསམ་རྣམ་དག་གིས་སྤེལ་རེས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གཉིས་ཁེ་བྱུང་ཡོད་ལ། མིག་སྔའི་འཛམ་གླིང་ལ་འཕྲད་པའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
ཧྥ་རན་སི་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པར་བརྩི་འཇོག་བྱེད་པ་ཡིན། ཐེངས་འདིར་ངས་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གོར་འཚམས་འདྲི་བྱེད་པ་ནི། ཀྲུང་གོ་དང་མཉམ་ལས་ཇེ་དྲག་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ཇེ་ཟབ་གཏོང་བའི་རེ་བ་ཡོད། ཧྥ་རན་སི་ཡིས་ཀྲུང་གོས་རྒྱལ་ཁའི་ངང་ཁུན་མིང་དང་མེན་ཐེ་ལི་ཨར་གྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་ཀྱི་ཐེངས་བཅོ་ལྔ་པའི་གན་འཇོག་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། མུ་མཐུད་དེ་ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས་སོགས་གནད་དོན་ཐད་ཀྲུང་གོ་དང་འབྲེལ་འདྲིས་མཉམ་ལས་ཟབ་མོ་བྱེད་པའི་རེ་བ་ཡོད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་རྩེ་འཛོམས་གླེང་སྟེགས་སྐབས་གསུམ་པ་འཚོག་རྒྱུ་ཡིན་པས། དེའི་ཐད་ལ་ཧྥ་རན་སིས་ཀྲུང་གོ་དང་མཉམ་ལས་བྱེད་འདོད་ཡོད། ཧྥ་རན་སི་ཡིས་ཀྲུང་གོས་དུས་ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་ལ་བརྩི་སྲུང་བྱེད་ཅིང་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པར་བསྔགས་བརྗོད་བྱས་ཤིང་། ཀྲུང་གོ་དང་མཉམ་དུ་འབྲེལ་འདྲིས་རོགས་རེས་ཟབ་སྤེལ་བཏང་ནས། འཛམ་གླིང་གི་ཡུན་རིང་ཞི་བདེ་དང་བརྟན་བརླིང་ཡོང་བར་འབད་བརྩོན་བྱེད་པར་རེ་སྒུག་ཡོད་ཅེས་གསུངས།
མར་ཁེ་ལུང་གིས་ཧྥ་རན་སི་ཡིས་རང་བཙན་རང་བདག་གི་ཕྱི་འབྲེལ་རྒྱུན་འཁྱོངས་དང་། ཡོ་རོབ་འཐབ་ཇུས་ཀྱི་རང་བདག་ཡོད་པར་འཛིན་ནས། འགལ་ཟླ་ཁ་བྲལ་ལ་ངོ་རྒོལ་དང་ཕྱོགས་རིས་ཁ་གཏད་འདུག་མཁན་ལ་ངོ་རྒོལ་བྱེད་དགོས། ཧྥ་རན་སི་ཡིས་ཕྱོགས་རིས་མི་སྒྲིག་ལ། མཐུན་སྒྲིལ་མཉམ་ལས་བྱས་ནས། རྒྱལ་ཁབ་ཆེན་མོའི་འབྲེལ་བ་བརྟན་པོ་ཡོང་བར་བྱ་རྒྱུ་ཡིན། ཧྥ་རན་སི་ཡིས་ཀྲུང་གོ་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་བྱས་ནས། ཕན་ཚུན་ཡིད་ཆེས་ཇེ་བརྟན་དང་མཐུན་པ་རྒྱུན་སྲིང་དང་མི་མཐུན་སོར་འཇོག སྒོ་འབྱེད་མཉམ་ལས་བྱེད་འདོད་ཡོད་ལ། ཧྥ་རན་སི་ཡིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་ད་དུང་ཡུག་རེན་གྱི་ཉམས་ཉེན་ལ་དགོངས་འཆར་བརྗེ་རེས་གནང་སྟེ། ཞི་ཅིན་ཕིང་གིས་ཀྲུང་གོས་ཡུག་རེན་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་། ཕྱི་གསལ་ནང་གསལ་ཡིན་ཏེ་གཙོ་སྙིང་ནི་འདུམ་སྒྲིག་དང་གྲོས་མོལ་བྱས་ནས་ཆབ་སྲིད་ཐོག་ཐག་གཅོད་བྱ་རྒྱུ་དེ་རེད། ཉམས་ཉེན་སེལ་ཐབས་ལ་གཞན་ཀུན་ཕན་ནོར་བུ་མེད་པས། ཕྱོགས་སོ་སོས་རང་འགན་ཁུར་ནས་ཕན་ཚུན་ཡིད་ཆེས་ཆེན་པོའི་ཐོག་ནས་དམག་མཚམས་འཇོག་ཅིང་ཞི་བས་གྲོས་མོལ་ཆ་རྐྱེན་སྐྲུན་དགོས། ཀྲུང་གོས་ཡོ་རོབ་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཉེན་ཁ་ཐག་གཅོད་བྱེད་པར་ནུས་པ་འདོན་པར་རྒྱབ་སྐྱོར་ཡོད་ལ། ཧྥ་རན་སི་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚུལ་མཐུན་གྱི་བཟོད་སྒོམ་བྱེད་དགོས་པ་ལས། ཉེན་ཁ་ཇེ་སྡུག་ཏུ་གཏོང་བའི་བྱ་སྤྱོད་སྡུག་པོ་མི་སྤྱོད་པའི་འབོད་སྐུལ་བཏང་བ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ་དང་། འབངས་མི་སེར་དང་དམངས་སྤྱོད་སྒྲིག་ཆས་གཏོར་བརླག་མི་གཏོང་བར་བྱས་ནས། བུད་མེད་དང་བྱིས་པ་སོགས་གནོད་པ་ཐེབས་མཁན་ལ་སྲུང་སྐྱོང་བྱེད་དགོས། ཉིང་རྡུལ་མཚོན་ཆ་སྤྱོད་མི་རུང་བ་དང་ཉིང་རྡུལ་དམག་འཁྲུག་མི་རྒྱག་པའི་དམ་བཅའ་ལག་བསྟར་བྱས་ནས། གནས་ཚུལ་གང་རུང་འོག་ཏུ་སྐྱེ་དངོས་དང་རྫས་འགྱུར་མཚོན་ཆ་བཀོལ་བར་ངོ་རྒོལ་བྱེད་པ་དང་། དྲག་ཆས་ལ་བརྟེན་ནས་ཉིང་རྡུལ་གློག་ཚིགས་སོགས་དམངས་སྤྱོད་ཉིང་རྡུལ་སྒྲིག་ཆས་ལ་གཏོར་བརླག་གཏོང་བར་ངོ་རྒོལ་བྱེད་དགོས། མགྱོགས་མྱུར་དུ་ཞི་བས་གྲོས་མོལ་བྱེད་མགོ་བརྩམས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་འབེན་དང་རྩ་དོན་ལྟར། ཕྱོགས་སོ་སོའི་ལུགས་མཐུན་བདེ་འཇགས་དང་དོ་ཁུར་ལ་བསམ་གཞིགས་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་ཐབས་བྱེད་པ་དང་། དོ་སྙོམས་ཤིང་ཕན་ནུས་ལྡན་པ། རྒྱུན་མཐུད་པའི་ཡོ་རོབ་བདེ་འཇགས་སྒྲོམ་གཞི་འཛུགས་སྐྱོང་བྱེད་དགོས། ཡུག་རེན་གྱི་ཉམས་ཉེན་དེས་འབྲུ་རིགས་དང་ནུས་ཁུངས། དངུལ་རྩ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ནང་བཟོས་པའི་གནོད་པ་ལ་མཉམ་དུ་ཁ་གཏད་བཅལ་ནས། ཡུག་རེན་ཉམས་ཉེན་གྱིས་འཛམ་གླིང་དང་། ཁྱད་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བཟོས་པའི་གནོད་པ་ཇེ་ཆུང་གཏོང་དགོས། ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་སྤེལ་རེས་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་ནན་བསྟན་གནང་།
མར་ཁེ་ལུང་གིས་ཧྥ་རན་སིའི་ལྟ་བ་མཚམས་སྦྱོར་བྱས་ཤིང་། ཀྲུང་གོས་ཆབ་སྲིད་ཐད་ནས་ཡུག་རེན་ཉམས་ཉེན་ཐག་གཅོད་བྱེད་པར་ནུས་པ་གལ་ཆེན་ཐོན་པར་བསྟོད་བསྔགས་བྱས། ཧྥ་རན་སིས་ཆབ་སྲིད་གླེང་མོལ་ཡང་བསྐྱར་སྤེལ་ནས། ཕྱི་ཕྱོགས་བྱེད་ཐབས་བརྒྱུད་དེ་ཉམས་ཉེན་ཐག་གཅོད་བྱས་ཏེ། ཡོ་རོབ་རྒྱུན་མཐུད་ངང་ཞི་བདེ་དངོས་འགྱུར་ཡོང་བ་དང་། ཀྲུང་གོ་དང་སྤེལ་རེས་ཇེ་དྲག་བཏང་ནས། ཞི་བདེ་ཡོང་ཡོང་བར་མཉམ་དུ་འབད་པ་བྱེད་པའི་རེ་བ་ཡོད་ཅེས་གསུངས། གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཞིང་ལས་བཟའ་བཅའ་དང་ཚན་རྩལ། མཁའ་འགྲུལ། དམངས་སྤྱོད་ཉིང་ནུས། རྒྱུན་མཐུད་འཕེལ་རྒྱས། རིག་གནས་སོགས་ཁྱབ་ཁོངས་ནང་གི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་ལ་མཚན་འགོད་བྱེད་པར་དཔང་གཟིགས་གནང་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ད་རུང་རྒྱལ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་བ་རེད། ཝང་དབྱི་དང་ཆིང་ཀང་སོགས་གོང་གི་བྱེད་སྒོའི་ནང་ཞུགས་ཡོད།




