ལྷུན་གྲུབ་ཀྱི་ཕྲུ་གུ་གཉིས་དིང་རིའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་ཡང་ཁོ་སྔར་བཞིན་འགུལ་འགོག་གནོད་སེལ་གྱི་ལས་ཀར་བྲེལ་བས་ཁེངས།
| 2025-01-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
བོད་ལྗོངས་དིང་རི་རྫོང་དུ་ཚད་རིམ་6.8་ཅན་གྱི་ས་འགུལ་བྱུང་བའི་སྐབས་སུ་རམ་འདེགས་ཉེན་རྟོག་པ་ལྷུན་གྲུབ་ཀྱི་ཕྲུ་གུ་གཉིས་པོའང་རྐྱེན་ལམ་དུ་ཤོར་བ་རེད། ཁོས་ཕྲུ་གུ་གཉིས་ཀྱི་འདས་མཆོད་རག་ཙམ་བསྒྲུབས་རྗེས་བློ་རྩེ་གཅིག་སྒྲིམ་གྱིས་རོགས་སྐྱོབ་ལས་ཀར་ཞུགས་ཤིང་། ཚེས་བཅུ་གཅིག་ཉིན་ཁོས་རང་གི་ཁང་པའི་ཞིག་རོ་གཙང་སེལ་བྱེད་སྐབས་ཕྲུ་གུ་ཚོས་གྱོན་མྱོང་བའི་བྱ་སྤུའི་སྟོད་ཐུང་མཐོང་ཡོང་དུས་སྡུག་བསྔལ་བཟོད་ཐབས་བྲལ་བས་རང་དབང་མེད་པར་མིག་ཆུ་ཤོར་བ་རེད།
ཟླ་དང་པོའི་ཚེས་དྲུག་ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རམ་འདེགས་ཉེན་རྟོག་པ་ལྷུན་གྲུབ་ཀྱིས་ཕྱི་ནས་གཞུང་དོན་སྒྲུབ་ཚར་རྗེས་གཞིས་ཀ་རྩེ་ནས་དིང་རི་ལ་ལོག་པ་རེད། ཁོ་རང་ཁྱིམ་དུ་སླེབས་སྐབས་ཚེས་བདུན་ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་ཟིན་ལ། ཕྱི་ཉིན་སྒྱུག་མོའི་ཁྱིམ་དུ་ཕྲུ་གུ་གསུམ་པོ་བསུ་བར་འགྲོ་རྒྱུ་བྱས། སྐབས་དེར་ལྷུན་གྲུབ་ཀྱི་ཆུང་མ་དང་ཆུང་མའི་གཅུང་པོ་གཉིས་ཀྱིས་གཞིས་ཀ་རྩེ་སྨན་ཁང་དུ་སྒྱུག་མོ་ལ་རོགས་བྱེད་བཞིན་ཡོད་པས། ལྷུན་གྲུབ་ཀྱི་བུ་དང་བུ་མོ་གཉིས་དང་ད་དུང་བདག་སྐྱོང་བྱེད་བཞིན་པའི་བུ་མོ་གཅིག་ཡོད་པ་དེ་གསུམ་པོ་མགུ་རིང་གྲོང་ཚོའི་སྒྱུག་མོའི་ཁྱིམ་དུ་བཅོལ་བ་དང་། དགོང་མོ་དེར་ཕྲུ་གུ་ཚོ་མགྲོན་ཚོམས་ཀྱི་བོད་ལུགས་འབོལ་ཁྲིའི་ཐོག་ཉལ་དུ་བཅུག་ཡོད། ཚེས་བདུན་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་ལྔའི་ཐོག་བོད་ལྗོངས་གཞིས་ཀ་རྩེ་དིང་རི་རྫོང་དུ་ཚད་རིམ་6.8ཅན་གྱི་ས་འགུལ་བྱུང་བས་ལྷུན་གྲུབ་དེ་མ་ཐག་སེམས་ཚབས་ནས་རྐང་འབོབ་ཀྱང་གྱོན་ཁོམ་མེད་པར་མགུ་རིང་གྲོང་དུ་རྒྱུག་སོང་བ་རེད།
མགུ་རིང་གྲོང་ཚོ་ནི་འགུལ་ལྟེའི་གྲམ་སོ་ཤང་དུ་ཡོད་ལ། ཐེངས་འདིའི་ས་འགུལ་གྱི་གནོད་འཚེ་ཐེབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན་པས། ས་འགུལ་ཁྲོད་གྲོང་ཚོའི་སྡོད་ཁང་ལྔ་བཅུ་ང་གཉིས་ཡོད་པ་ཚང་མ་བརྡིབས་པ་རེད།
ཆུ་ཚོད་བཅུ་ཡས་མས་སུ། ལྷུན་གྲུབ་དང་གྲོང་མི་ཚོས་ཞིག་རོའི་ཁྲོད་ནས་རང་གི་བུ་དང་བུ་མོ་གཉིས་རྙེད་ཡོད། ཁོས་དེ་མ་ཐག་ཁོ་ཚོ་མྱུར་སྐྱོབ་བྱས་ཀྱང་དྲག་མ་ཐུབ་པས། མགྱོགས་པོས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་མོད། ཡིད་སྐྱོ་བ་ཞིག་ལ་སྨན་པས་བརྟག་དཔྱད་བྱས་རྗེས་ཕྲུ་གུ་ཚོ་སྔར་ནས་དབུགས་ཆད་པ་ཤེས། ཉིན་དེར་ལྷུན་གྲུབ་ཀྱིས་ཕྲུ་གུ་གསུམ་པོའི་ཕུང་པོ་བྱང་དཀར་གྲོང་ཚོར་ཡོད་པའི་ཁོའི་ཨ་ཕའི་ཁྱིམ་དུ་བསྐྱལ་རྗེས་མྱུར་དུ་མགུ་རིང་གྲོང་ཚོར་སོང་ནས་མྱུར་སྐྱོབ་ལས་ཀའི་ནང་ཞུགས།
ཁོས་འཚོལ་སྐྱོབ་ལས་ཀ་མཚམས་འཇོག་མི་ཕོད། རྒྱུ་མཚན་ནི་ལས་ཀ་མཚམས་འཇོག་བཞག་ན་ཕྲུ་གུ་གཉིས་དྲན་ནས་བཟོད་ཐབས་མི་འདུག་ཅེས་བཤད།
ཚེས་བཅུ་གཅིག་ཉིན། ལྷུན་གྲུབ་སྔར་བཞིན་མགུ་རིང་གྲོང་ཚོའི་ཞིག་རོ་གཙང་སེལ་བྱ་བའི་ནང་ཞུགས་པས། ཆུང་མའི་ཁྱིམ་གྱི་ཁང་པ་ཞིག་རོ་གཙང་སེལ་བྱེད་སྐབས། ཁོས་ཕྲུ་གུ་གཉིས་ཀྱི་བྱ་སྤུའི་སྟོད་ཐུང་རྙེད་པས་སེམས་སྡུག་བཟོད་ཐབས་མེད་པས་ལྭ་བ་པང་དུ་བཟུང་ནས་མིག་ཆུ་རང་དབང་མེད་པར་ཤོར།

༡༩༨༩ལོར་སྐྱེས་པའི་ལྷུན་གྲུབ་ནི་༢༠༡༣ལོའི་ཟླ་དང་པོའི་ཚེས་དང་པོར་དིང་རི་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རམ་འདེགས་ཉེན་རྟོག་པར་གྱུར། ཁོང་གི་ལས་ཀའི་གྲུབ་འབྲས་ཕུལ་དུ་བྱུང་ཞིང་། ད་ལྟ་དིང་རི་རྫོང་ཉེན་རྟོག་ཅུས་ཀྱི་རམ་འདེགས་ཉེན་རྟོག་པ་བྱེད་བཞིན་ཡོད། ༢༠༡༨ལོར་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་སྔོན་ཐོན་ཉེན་རྟོག་པའི་བྱ་དགའ་ཡང་ཐོབ་པ་རེད། ས་འགུལ་ཡུལ་དངོས་སུ་འཚོལ་སྐྱོབ་བྱེད་མཁན་གྱི་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་ཞུ།

ཡོང་ཁུངས། ཀྲུང་དབྱང་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




