ལྒང་ཞུའི་དུས་ཆེན་ལ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།
| 2025-02-12 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ལྒང་ཞུའི་དུས་ཆེན་ལ་བཅོ་ལྔའི་དུས་ཆེན་དང་། རྒྱ་ལོའི་བཅོ་ལྔ། ལོ་སར་ཉ་གང་སོགས་ཟེར་ཞིང་། དུས་ཚོད་ནི་ལོ་རེའི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཡིན། 
ལྒང་ཞུའི་དུས་ཆེན་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་གྲས་ཤིག་ཡིན་ལ། དུས་ཆེན་ལ་གཙོ་བོ་མེ་ཏོག་གི་གློག་སྒྲོན་ལ་བལྟ་བ་དང་། ཐང་ཡོན་ཟ་བ། གབ་ཚིག་འདྲི་བ། ཤོག་སྦག་སྤར་བ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་རབས་དང་རིམ་པ་ཡོད། གཞན་ཡང་ས་ཆ་མི་ཉུང་བ་ཞིག་གི་ལྒང་ཞུའི་དུས་ཆེན་ལ་ད་དུང་འབྲུག་སྒྲོན་དང་། སེང་གེ་འཁྲབ་པ། ཤིང་འཛུགས་པ། སྐམ་གྲུ་གཏོང་བ། ཞབས་བྲོ་འཁྲབ་པ། ཞི་བདེའི་རྔ་རྡུང་བ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་འཁྲབ་སྟོན་མང་དུ་བཏང་ཡོད། སྤྱི་ལོ2008ལོའི་ཟླ6པར་ལྒང་ཞུའི་དུས་ཆེན་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཁག་གཉིས་པར་བདམས།
ད་ལོའི་ལྒང་ཞུའི་དུས་ཆེན་ནི་ཤིང་མོའི་སྦྲུལ་ལོའི་གནམ་ལོ་གསར་པ་ཚུར་ལ་ཤར་བའི་རྗེས་སུ་ཟླ་བ་ཉ་གང་བའི་དུས་ཐོག་མ་ཡིན་པར་མ་ཟད། ཟླ་བ་ཉ་གང་བའི་ཏན་ཏན་གྱི་དུས་ཚོད་ནི་མཚན་མོའི་ཆུ་ཚོད་དགུ་དང་སྐར་མ་ང་གསུམ་སྟེང་ལ་རེད། སྐབས་འདིར་ཁྱེད་རང་ས་གང་ལ་གནས་ཀྱང་། ཡུལ་གང་དུ་ཡོད་ཀྱང་མིག་ཟུང་ཨ་སྔོན་དབྱིངས་སུ་ཕྱོགས་ནས་ཉ་གང་ཟླ་བའི་མཚར་སྡུག་ལ་ལྟད་མོར་རོལ་ཆོག་ལ། གནམ་ལོ་གསར་པའི་སྨོན་འདུན་གྱི་ཕྲེང་བ་འབུལ་ཆོག་པ་རེད།
གཞན་ཡང་བོད་འབྲེལ་ས་ཁུལ་སྐོར་ཞིག་ལ་མཚོན་ན་ལུགས་རྙིང་གི་ལོ་གསར་གཏོང་བཞིན་ཡོད་པས། ལྒང་ཞུའི་དུས་ཆེན་གྱི་ཉིན་མོ་འདིར་དགོན་པའི་ནང་ནས་མེ་ཏོག་མཆོད་པ་བཤམས་པའི་ལུགས་སྲོལ་ཡོད་ཅིང་། དད་ལྡན་མཇལ་བ་མང་ཚོགས་དང་ཕྱོགས་སོ་སོ་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་ཀྱིས་མི་རིགས་ཤིག་གི་འཚོ་བའི་ཀློང་ནས་རྡོལ་ཞིང་། བློ་གྲོས་ཀྱི་དྭངས་མ་མཚོན་པའི་མར་གྱི་སྒྱུ་རྩལ་ལ་མཆོད་མཇལ་དང་ལྟད་མོར་རོལ་ཆོག་པ་རེད། 
པར་ཁུངས། དྲ་ཐོག
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




