ཨ་རི་དང་ཡུག་རེན་གྱི་གྲོས་མོལ་ལ་དགེ་མཚན་ཆེན་པོ་ལྡན་ཟེར།
| 2025-03-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཙེ་ལན་སི་ཅི་ཡིས་ཡུག་རེན་དང་ཨ་རིའི་སྐུ་ཚབ་ཚོགས་པས་ས་ཏི་ཨ་རབ་ཀྱི་གྲོས་མོལ་བྱས་པ་ལ་དགེ་མཚན་ཆེན་པོ་ལྡན་ཞེས་བཤད།
ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་བརྙན་ལམ་ནས་གསུང་བཤད་གནང་སྐབས། ཡུག་རེན་དང་ཨ་རིའི་སྐུ་ཚབ་ཚོགས་པས་ཉིན་དེར་ས་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་འཚོགས་པའི་གྲོས་མོལ་ལ་དགེ་མཚན་ཆེན་པོ་ལྡན་ཞེས་བཤད་ཡོད། དེ་དང་ཆབས་ཅིག ཁོང་གིས་ཕྱོགས་སོ་སོས་ཨུ་རུ་སུར་མུ་མཐུད་གནོན་ཤུགས་སྤྲད་ནས་ཨུ་རུ་སུར་དམག་འཁྲུག་མཚམས་དངོས་སུ་འཇོག་པར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་པ་རེད།
ཙེ་ལན་སི་ཅི་ཡིས། དམག་ཕྱོགས་དང་ཕྱི་འབྲེལ་དཔོན། ནུས་ཁུངས་དཔོན་རིགས་བཅས་ལས་གྲུབ་པའི་ཡུག་རེན་ཕྱོགས་ཀྱི་སྐུ་ཚབ་ཚོགས་པས་ལི་ཡ་ཏེར་ཨ་རི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པ་དང་དམག་འཁྲུག་མཚམས་འཇོག་པའི་ཐད་ཀྱི་ལག་རྩལ་གནད་དོན་ཐད་རེས་སྐོར་གཉིས་པའི་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཡུག་རེན་གྱི་རྒྱལ་སྲུང་པུའུ་ཀྲང་ཝུའུ་མེ་ལུའོ་ཧྥུའུ་གྲོས་མོལ་ནང་ཞུགས་པ་དང་འབྲེལ། ཁོ་ལ་ཉིན་དེའི་གྲོས་མོལ་འཕེལ་རིམ་སྙན་སེང་ཞུས་ཡོད་ཅེས་བཤད། ཙེ་ལན་སི་ཅི་ཡིས། ཨུ་རུ་སུ་ནི་གདོང་ཐུག་ནར་འགྱངས་བྱེད་མཁན་ཕྱོགས་གཅིག་པུ་ཡིན་པས། ཕྱོགས་སོ་སོས་ཨུ་རུ་སུར་གནོན་ཤུགས་སྤྲོད་དགོས། དེ་མིན་ན་ཨུ་རུ་སུས་དམག་འཁྲུག་མཚམས་འཇོག་རྒྱུའི་ཕྱི་འབྲེལ་འབད་བརྩོན་མུ་མཐུད་སྣང་མེད་དུ་འཇོག་སྲིད། ཙེ་ལན་སི་ཅིས། ང་ཚོས་རོགས་ཟླ་ཚོ་དང་གྲོས་བསྡུར་གང་ཞིག་བྱས་རུང་། ང་ཚོས་ཕུའུ་ཅིང་ལ་གནོན་ཤུགས་བཏང་ནས་ཁོས་འཇབ་རྒོལ་མཚམས་འཇོག་བྱ་རྒྱུའི་བཀའ་ངོ་མ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད།
ཡུག་རེན་གྱི་རྒྱལ་སྲུང་པུའུ་ཀྲང་གིས། ཡུག་རེན་དང་ཨ་རིས་ནུས་ཁུངས་སོགས་འགག་རྩའི་གནད་དོན་ཐད་དགེ་མཚན་ལྡན་པའི་གྲོས་བསྡུར་བྱས་ཡོད་ཅེས་བཤད།
ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། ཡུག་རེན་དང་ཨ་རིའི་སྐུ་ཚབ་ཚོགས་པས་ཉིན་དེར་ས་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་འཚོགས་པའི་གྲོས་མོལ་མཇུག་བསྒྲིལ་ནས་ཕྱོགས་གཉིས་པོས་ནུས་ཁུངས་སོགས་འགག་རྩའི་གནད་དོན་ཐད་དགེ་མཚན་ལྡན་པ་དང་དོན་སྙིང་ལྡན་པའི་གྲོས་བསྡུར་བྱས་ཡོད་ཅེས་བཤད།
ཝུའུ་མེ་ལུའོ་ཧྥུའུ་ཡིས། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྤྲད་པའི་ལས་འགན་ནི་ཡུག་རེན་དང་ཡུག་རེན་མི་དམངས་དང་། ཐ་ན་ཡོ་རོབ་ཧྲིལ་པོར་ངོ་སོ་དང་ཡུན་རིང་ཞི་བདེ་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་ང་ཚོས་དེ་དོན་དངོས་སུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
ཡུག་རེན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་ལྟར་ན། ཉིན་དེའི་གྲོས་མོལ་ནང་ཞུགས་པའི་ཡུག་རེན་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཁོངས་མིའི་ནང་ཝུའུ་མེ་ལུའོ་ཧྥུའུ་དང་། ཙུང་ཐུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཕ་ཝེར་ཕ་ལི་ཀྲ། དབྱི་ཀོར་རུའོ་ཧྥུའུ་ཁེ་ཝ། ཕྱི་འབྲེལ་པུའི་རྒྱལ་དོན་དྲུང་ཡིག་ཡ་ལི་ཧྲན་ཏ་ཁ་ལ་ཞེ་ཝུའེ་ཆི། ནུས་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་མི་ཁོ་ལ་ཁོ་ལེ་སི་ཉི་ཁེ་བཅས་ཚུད་ཡོད་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




