རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི༽ཁག་ཅིག་ད་ལོར་དཔར་གྲབས་རེད།
| 2023-04-28 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི༽ཁག་ཅིག་ད་ལོར་དཔར་གྲབས་རེད།
ཟླ་བ་བཞི་པའི་ཚེས་ཉེར་བརྒྱད་ཉིན། ཆེད་མཁས་པ་བརྒྱ་ལྷག་གིས་མཉམ་དུ་རྩོམ་སྒྲིག་གནང་བའི་༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི༽་དུས་རིམ་དང་པོའི་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཁམས་པའི་བརྙན་འཕྲིན་ཁང་ནས་འཚོགས་པ་རེད།རྒྱུས་ལོན་བྱུང་བ་ལྟར་ན། ༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ༽ནི་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མཛུབ་སྟོན་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་སྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་ཏེ་ཁམས་པའི་བརྙན་འཕྲིན་ཁང་གིས་མཉམ་དུ་རེ་ཞུ་ལག་ལེན་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚིག་མཛོད་དཔེ་སྐྲུན་ལས་གཞི་ཞིག་ཡིན་ལ། རྒྱ་བོད་ལོ་ཙཱའི་བྱ་གཞག་དགེ་མཚན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་། བོད་འབྲེལ་ས་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར། བརྟན་བརླིང་ཡོང་བར་སྔར་ལས་ཕན་ཐོགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ་འདི་ལ་ཐ་སྙད་འབུམ་གསུམ་འདུས།
༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ༽ནི་ཐ་སྙད་འབུམ་གསུམ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ་ཞིག་ཡིན་ལ། དེ་སྔའི༼རྒྱ་བོད་ཤན་སྦྱར་ཚིག་མཛོད༽ཀྱི་རྨང་གཞིའི་ཐོག་རྒྱ་ཡིག་པར་གཞིའི༼ཀྲུང་ཧྭ་ཚིག་མཛོད་ཆེན་མོ༽དང་། ༼དེང་རབས་རྒྱ་ཡིག་ཚིག་མཛོད༽ ༼ཐ་སྙད་གསར་པའི་ཚད་ལྡན་ཚིག་མཛོད༽བཅས་ཀྱི་ཐ་སྙད་གཞིར་བྱས་ནས། བོད་འབྲེལ་ས་ཁུལ་གྱི་ལས་རིགས་ཁག་དང་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བ། སློབ་སྦྱོང་ཁྲོད་རྒྱུན་དུ་སྤྱོད་པའི་སྤྱིར་བཏང་གི་ཐ་སྙད་དང་། ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བཀོལ་སྤྱོད་མང་བའི་ཐ་སྙད་སོགས་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་ཐ་སྙད་གསར་པ་བསྡུས་ཡོད། ཚིག་མཛོད་འདི་མིག་སྔའི་བར་ཐ་སྙད་གྲངས་ཀ་ཆེས་མང་བ་དང་། རིགས་དང་ཁྱབ་ཁོངས་ཆེས་རྒྱ་ཆེ་བའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཡིན་པས། སྤྱི་ཚོགས་ལས་རིགས་སོ་སོའི་རྒྱ་བོད་ཡིག་བསྒྱུར་གྱི་དགོས་མཁོ་ཡག་པོ་བསྐང་ཐུབ།



ཆེད་མཁས་པ་བརྒྱ་ལྷག་མཉམ་དུ་འཛོམས་དུས་རབས་ཀྱི་བརྩམས་ཆོས་བརྩམ།
ད་ཐེངས་ཀྱི་རྩོམ་སྒྲིག་ལས་དོན་ནང་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཀྱི་ཆེད་མཁས་པ་བརྒྱ་ལྷག་མཉམ་དུ་འཛོམས་ཞུགས་གནང་ཡོད་ལ། དེའི་ནང་ཀྲུང་དབྱང་ཡིག་སྒྱུར་ཅུས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་གླིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ལས་རིགས་དང་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་སྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་ཏེ་ཁམས་པའི་བརྙན་འཕྲིན་ཁང་བཅས་བོད་འབྲེལ་འཕྲིན་སྦྱོར་ལས་རིགས་ཀྱི་མིང་དུ་གྲགས་པའི་ཆེད་མཁས་པ་དང་ཤེས་ཡོན་པ། འབུམ་རམས་པ་སོགས་འདུས་ཡོད།


༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི༽་ནང་དོན་དང་ཆེ་ཆུང་། ཚད་གཞི་བཅས་ཀྱི་ངོས་ནས་བཤད་ན་རྩོམ་སྒྲིག་པ་ལ་ཆ་རྐྱེན་ཤིན་ཏུ་མཐོན་པོ་ཞིག་དགོས་ལ། རྩོམ་སྒྲིག་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ།འབད་བརྩོན་ལྷོད་མེད་དང་ཡིག་འབྲུ་རེ་རེ་བཞིན་བརྡར་གཅོད་ཞིབ་འཇུག་བྱས་ཤིང་། དངོས་ཐོག་བདེན་འཚོལ་དང་གང་ཐུབ་ཅི་ཐུབ་ཀྱིས་ཡག་ཐོག་ཡག་དང་མར་ཐོག་ཤ་བྱས་ཏེ། ནོར་འཁྲུལ་སྤུ་ཙམ་མེད་པ་དང་ནོར་འཛོལ་གང་ཡང་མེད་པའི་བླང་བྱ་ལྟར། ཚིག་མཛོད་ལ་བསམ་བློའི་རང་བཞིན་དང་དུས་རབས་རང་བཞིན། དབང་གྲགས་རང་བཞིན། བེད་སྤྱོད་རང་བཞིན་ལྡན་པར་ཁག་ཐེག་བྱས་ཡོད།

རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་གཙོ་གནད་ཚིག་མཛོད་དཔེ་སྐྲུན་ལས་གཞི།
༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི༽རྩོམ་སྒྲིག་ལས་གཞི་འདི་༢༠༢༡ལོར་ཟླ་བཅུ་གཅིག་པར་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་གཙོ་གནད་ཚིག་མཛོད་དཔེ་སྐྲུན་ལས་གཞི་ཞིག་ཡིན་པ་རེད། ཟླ་ངོ་བཅུ་བདུན་རིང་ལ། རྩོམ་སྒྲིག་ལས་དོན་ཚོགས་ཆུང་གིས་ནད་ཡམས་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཤིང་། དྲ་ཐོག་དང་ཡུལ་དངོས་ཟུང་དུ་འབྲེལ་ནས་མིང་བརྡ་འཚོལ་བསྡུ་དང་རྩོམ་སྒྲིག པར་ཞུ། ཡིག་བསྒྱུར། ཞུ་དག སྒྲིག་ཞུ། ཆེད་མཁས་པའི་དཔྱད་བསྡུར་ཞུ་དག་སོགས་ཡག་པོ་བྱས་ཏེ། རྩོམ་སྒྲིག་ལས་ཀ་ཧྲིལ་པོར་བརྒྱུད་རིམ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན་དུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ༼རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོའི༽དུས་མཚམས་རང་བཞིན་གྱི་རྩོམ་སྒྲིག་གྲུབ་འབྲས་སྨིན་ནས་ལོ་འདིའི་ནང་དཔེ་སྐྲུན་ཐུབ་རེ་ཡོད་པ་དང་ཆབས་ཅིག གྲུབ་ཆ་ཅན་གྱི་གྲབས་སྤྱོད་གཞི་གྲངས་མཛོད་བཙུགས་ནས། ཚིག་མཛོད་དྲ་བའི་ཐོག་ནས་སྤྱོད་ཐུབ་པར་ཧུར་བརྩོན་བྱ་རྒྱུ་རེད་ལ། སྔོན་དཔག་ལྟར་ན་རྩོམ་སྒྲིག་དང་དཔེ་སྐྲུན་ལས་དོན་ཧྲིལ་པོ་༢༠༢༤ལོའི་ལོ་མཇུག་འགྲུབ་ཐུབ་རྒྱུ་རེད།

ཡིག་སྒྱུར། ལྷ་མོ་བཀྲ་ཤིས། པར་རིས། སྟག་ལྷ་མཁར།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་དག པ་སངས་རྡོ་རྗེ།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།




