ཧུང་ཡོན་རྫོང་གིས་དགེ་རྒན་དུས་ཆེན་སྐབས39བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་དགོང་ཚོགས་བསྡུས།
| 2023-09-12 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཧུང་ཡོན་རྫོང་གིས་དགེ་རྒན་དུས་ཆེན་སྐབས39བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་དགོང་ཚོགས་བསྡུས།
ལྷག་བསམ་རླུང་གིས་བུ་སློབ་ལེགས་བསྐྱངས་ཏེ། འབྲས་བཟང་དྲི་ཞིམ་འཐུལ་བའི་པད་ཚལ་རྒྱས། ཟླ9ཚེས8ཉིན་གྱི་དགོང་མོར། ཧུང་ཡོན་རྫོང་གིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་ཞེས་པའི་དགེ་རྒན་དུས་ཆེན་སྐབས39བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་དགོང་ཚོགས་དེ་རྫོང་བོད་ཡིག་སློབ་འབྲིང་གི་རིག་གཞུང་སྙན་ཞུ་ཁང་དུ་འཚོགས་ཤིང་། ཧུང་ཡོན་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་གང་ལེགས་འཇོག་མཁན་གྱི་ཕུལ་བྱུང་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་གནང་བ་རེད།
དགེ་རྒན་ཞེས་པ་ནི་ཡོན་ཏན་སློབ་ཞིང་ཀུན་སྤྱོད་གསོ་བའི་མུན་སེལ་གྱི་སྒྲོན་མེ་ལྟ་བུ་ཞིག་ལ་འོ། ། ཞེས་གསུངས་པ་ལྟར་དགོང་ཚོགས་དེ་ཁྱུང་མཆུའི་མི་སྐྱོང་ཞག་སྡོད་སློབ་ཆུང་གིས་འཁྲབ་གཏོང་གནང་བའི་གླུ་གཞས་ཤིག་གི་ཁྲོད་འགོ་ཚུགས་ཤིང་། 《འུར་རྡོ》དང་། 《དགེ་རྒན་ལ་ཕུལ་བའི་བརྩེ་སེམས།》 《སླར་གསོན།》 《སོར་རྩེ་ནས་འཁྲུངས་བའི་རིག་གནས་སྒྱུ་རྩལ།》 《མཉམ་དུ་འབྱུང་འགྱུར་ལ་ཕྱོགས་པ》སོགས་སྤུས་ཚད་མཐོ་བའི་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་པས། ཡུལདངོས་ཀྱི་ལྟད་མོ་བར་ཚོར་མིག་དབང་གསོ་བའི་སྟོན་མོ་གྱ་ནོམ་པ་ཞིག་བཤམས་པར་མ་ཟད། མི་དམངས་དགེ་རྒན་གྱི་དུས་ཆེན་ལ་བསྟོད་བསྔགས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་ཡང་མཚོན་པར་བྱས་ཡོད།
དགོང་ཚོགས་སྟེང་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཕུལ་བྱུང་མི་སྒེར་དང་སྡེ་ཁག དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དམིགས་བསལ་བྱས་རྗེས་ཅན་གྱི་བྱ་དགའ། དེ་བཞིན་སློབ་གསོའི་ལས་རྐང་ནས་ལོ་ངོ20དང30རིང་ཚེ་གང་སློབ་གསོ་གཉེར་མཁན་གྱི་མི་སྒེར་དང་སྡེ་ཁག་སོགས་ལ་ཡང་གཟེངས་བསྟོད་ཀྱི་བདག་རྐྱེན་སྤྲད།
དགོང་ཚོགས་སྟེང་ད་དུང་མདོ་འཛིན་པས་སྤྱི་ཚོགས་ཀྱི་བྱམས་ལྡན་མི་སྣ་སྟེ་ཁྲེང་ཏུའུ་གྲོང་ཁྱེར་སྒྲིག་ཨུའི་ལས་འཁྱུར་ངལ་གསོ་བ་བློ་མཐུན་ཧོ་ཏཱ་ཀྲའོ་ལགས་ལ་བརྙན་ལམ་བརྒྱུད་ནས་འབྲེལ་བ་བྱས་ཏེ། ཁོང་གིས་ཧུང་ཡོན་གྱི་སློབ་གསོའི་བྱ་གཞག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་དྲ་ལམ་ནས་ཁོང་ལ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དམིགས་བསལ་ལེགས་སྐྱེས་ཀྱི་བྱ་དགའ་ཡང་སྤྲད་པ་རེད།
གཞན་ཐེངས་འདིའི་དགོང་ཚོགས་སྟེང་རྫོང་མི་དམངས་སྲིད་གཞུང་གི་སློབ་གྲྭའི་ལྟ་སྐུལ་བ་དང་། རྫོང་རིམ་པའི་ལས་ཁུངས་དང་ཁེ་ལས་བྱ་གཞག་སྡེ་ཁག ཞིང་ཆེན་དང་ཁུལ་གྱི་ཁོངས་གཏོགས་སྡེ་ཁག་གི་འགན་འཁུར་བ། ཡུལ་གྲོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཡུལ་གྲོང་དང་སྡེ་བ། ལས་ཁུངས། ཁེ་ལས་ཀྱི་འཐུས་མི། དགེ་རྒན་གྱི་འཐུས་མི། ཚེ་གང་སློབ་གསོའི་དགེ་རྒན་གྱི་འཐུས་མི། གཟེངས་བསྟོད་ལེགས་སྐྱེས་ཐོབ་མཁན་གྱི་དགེ་རྒན་ཡོངས། སློབ་ཁྲིད་རོགས་སྐྱོར་དགེ་རྒན་གྱི་འཐུས་མི། སློབ་མའི་ཁྱིམ་བདག་འཐུས་མི། སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་སོ་སོའི་སློབ་གཙོ་དང་གླིང་གཙོ། སློབ་གྲྭ་ཆུང་འབྲུང་གི་དགེ་རྒན་དང་སློབ་མའི་འཐུས་མི། རྫོང་སློབ་གསོ་ཅུས་ཀྱི་ལས་བྱེད་མི་སྣ་ཡོངས་བཅས་ཐེངས་འདིའི་དགོང་ཚོགས་སྟེང་ཟབ་ཞུགས་བྱས་ཡོད།





