སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་བྱེད་སྒོ་གལ་ཆེན་ཞིག་སྤེལ།
| 2024-05-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར་སློབ་གསོ་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་སོགས་ལས་ཁུངས་བཅུ་ཡིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་ནས། ༢༠༢༤ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་འབྲེལ་ཡོད་བྱེད་སྒོ་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ་ལྟར། ཕྱོགས་ཡོངས་ནས་དཀར་མཛེས་ཁུལ་གྱི་ལས་རིགས་སློབ་གསོའི་གྲུབ་འབྲས་འགྲེམ་སྟོན་དང་ལས་རིགས་ལག་རྩལ་སློབ་གསོར་སྐུལ་མ་གཏོང་ཆེད། ༢༠༢༤ལོའི་ཟླ་༥ཚེས་༢༤ཉིན། དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་གཙོ་སྒྲུབ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་འགན་སྒྲུབ་བྱས་ཤིང་། དཀར་མཛེས་ལས་རིགས་སློབ་གླིང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ། ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་། ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་བཅས་ཀྱིས་རོགས་སྒྲུབ་བྱས་པའི་དཀར་མཛེས་ཁུལ་ལས་རིགས་སློབ་གསོའི་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལུས་རྩལ་ར་བའི་ནང་དུ་སྤེལ་བ་རེད།
སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་མཱ་ཧྥེ་དང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད། དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འགོ་ཁྲིད་སོགས་འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན་བཅས་མཛད་སྒོར་ཞུགས་ཡོད་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་། གཞན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དེང་རབས་དགེ་ཕྲུག་ལམ་ལུགས་བརྒྱུད་ནས་མཉམ་འབྲེལ་སྒོས་སློབ་མ་གསོ་སྐྱོང་བྱེད་བཞིན་པའི་རྫོང་སར་བོད་སྨན་ཁང་དང་། བྲག་འགོ་རྫོང་མི་རིགས་ལག་ཤེས་བཟོ་རྩལ་ལྟེ་གནས། སྡེ་དགེ་རྫོགས་ཆེན་བོད་སྨན་ཁང་། སེར་ཤུལ་ཐུབ་བསྟན་མི་རིགས་ལག་ཤེས་བཟོ་རྩལ་ལྟེ་གནས། སེར་ཤུལ་བོད་སྨན་ཁང་སོགས་ཀྱིས་ལག་ཤེས་ཐོན་རྫས་རིགས་སོ་སོ་འགྲེམ་སྟོན་བྱས་ཡོད་ལ། དཀར་མཛེས་ལས་རིགས་སློབ་གླིང་དང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ། མི་རིགས་མཐོ་རིམ་སློབ་འབྲིང་བཅས་ནས་ཡོང་བའི་སློབ་མའི་འཐུས་ཚབ་པས་ཀྱང་ལག་ཤེས་ཐོན་རྫས་རིགས་སོ་སོ་ཡུལ་དངོས་ནས་འགྲེམ་སྟོན་བྱས་པ་རེད།
ཁམས་པའི་བརྙན་འཕྲིན་གྱི་འདར་དབྱངས་དང་། བརྙན་སྟེགས་ཐོག་ནས་ཐེངས་འདིའི་བྱེད་སྒོའི་ཐད་གཏོང་ལ་གཟིགས་མཁན་མི་གྲངས་འབུམ་གཅིག་ལྷག་དང་། གཟེངས་རྟགས་སྣོན་མཁན་མི་གྲངས་ས་ཡ་བཞི་ལས་བརྒལ་བ་རེད། 
ཉེ་བའི་ལོ་ཤས་རིང་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཕྱོགས་གཅིག་ནས་སྔར་ཡོད་ཀྱི་ལས་རིགས་སློབ་གསོའི་སློབ་གཉེར་གྲུབ་འབྲས་མུ་མཐུད་དུ་ཇེ་ལེགས་ཇེ་རྒྱས་སུ་བཏང་ནས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་སློབ་གྲྭས་ཐབས་བརྒྱ་ཇུས་སྟོང་གིས་ལས་རིགས་སློབ་གསོའི་སློབ་སྒྲུབ་ཆུ་ཚད་ཇེ་བཟང་དུ་གཏོང་ཕྱིར། ཐབས་ལམ་གསར་གཏོད་བྱས་ནས་ཁེ་ལས་དང་སློབ་གྲྭས་མཉམ་འབྲེལ་གང་ལེགས་བྱས་ཏེ། དེང་རབས་དགེ་ཕྲུག་ལམ་ལུགས་ལག་བསྟར་དང་དགེ་རྒན་མིང་གྲགས་ཅན་གྱི་ལས་སྒྲུབ་ཁང་འཛུགས་པ་སོགས་ལ་བརྟེན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། ནང་སྒོས་སུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་འཛིན་སྐྱོང་སྤེལ་གསུམ་ཡག་པོ་བྱས་དང་བྱེད་བཞིན་ཡོད་དེ། སློབ་མ་རྣམས་ཀྱིས་ལག་ཤེས་གཅིག་ཁོང་དུ་ཆུད་པར་བརྟེན་ནས་སྲོལ་རྒྱུན་ལག་ཤེས་ཀྱི་ཉིང་བཅུད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། ལག་ཤེས་ལ་བརྟེན་ནས་རང་ཁ་རང་གསོ་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་མཐུན་རྐྱེན་གང་ལེགས་བསྐྲུན་དང་སྐྲུན་བཞིན་ཡོད། 

རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། ཟླ་བ་ཚེ་རིང་།
གཙོ་སྒྲིག་པ། བྱམས་པ་རྡོ་རྗེ།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




