ཉིན་འདི་དག་ལ་མི་ཉག་ཏུ་རྣམ་ཐར་འཁྲབ་སྟོན་བྱེད་བཞིན་འདུག
| 2025-02-06 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ལོ་གསར་གྱི་ཚེས་པ་བདུན་སྟེ་སྤྱི་ཟླ་གཉིས་པའི་ཚེས་བཞི་ཉིན། དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་རྡོ་ར་དཀར་མོའི་མཛེས་ཁུལ་དུ་རྔ་དང་དུང་གི་སྒྲ་དབྱངས་ཁྱབ་འདུག གནས་འདིར་སྤྲོ་དགའི་མཚར་ཉམས་རྫོགས་པའི་མི་ཉག་གི་སྲོལ་རྒྱུན་སྐོར་བྲོའི་འཁྲབ་སྟོན་གྱི་བསུ་མ་དང་བཅས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་མི་ཉག་རྣམ་ཐར་འཁྲབ་སྟོན་བྱེད་བཞིན་འདུག འཁྲབ་སྟོན་པ་ཚོས་ལུས་ལ་ཕྲུག་ལྭ་དང་རྐང་ལ་འཇུར་རྟ་གྱོན་ནས། གངས་ཅན་མཐོ་སྒང་གི་གཟུགས་མེད་རིག་གནས་ཤུལ་བཞག་འདི་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་འབུལ་བཞིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མི་ཉག་རྣམ་ཐར་འཁྲབ་སྟོན་འདི་ལོ་གསར་གྱི་ཚེས་པ་བཅུ་གསུམ་སྟེ་སྤྱི་ཟླ་གཉིས་པའི་ཚེས་བཅུ་ཡི་བར་འཁྲབ་རྒྱུ་ཡིན་ལ། ཉིན་རེའི་ཕྱི་དྲོའི་ཆུ་ཚོད་དང་པོ་ནས་ཆུ་ཚོད་གསུམ་པའི་བར་༼འགྲོ་བ་བཟང་མོ་༽དང་༼གཟུགས་ཀྱི་ཉི་མ༽། ༼པདྨ་འོད་འབར།༽ ༼ཆོས་རྒྱལ་ནོར་བཟང་།༽སོགས་བོད་ཀྱི་རྣམ་ཐར་ཆེན་མོ་ཁག་ཅིག་འཁྲབ་སྟོན་བྱ་རྒྱུ་རེད། རྣམ་ཐར་འདི་དག་གིས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་མཚར་སྡུག་ངོམ་བཞིན་ཡོད།
རྡོ་ར་དཀར་མོ་མཛེས་ཁུལ་ནི་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། མཛེས་ཁུལ་གྱི་ལས་སྒྲུབ་མི་སྣ་ཝེ་ཧུང་གིས་བཤད་པ་ལྟར་ན། དཔྱིད་གསར་དུས་ཆེན་རིང་ལ་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་བོད་ཀྱི་རྣམ་ཐར་འཁྲབ་སྟོན་བྱས་པ་བརྒྱུད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པར་མ་ཟད། ས་གནས་རང་གི་མང་ཚོགས་ཀྱི་བསམ་བློའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་དང་། རྣམ་ཐར་གྱི་ནང་དོན་ལས་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་དར་སྤེལ་གཏོང་ཐུབ་པས། ཐེངས་འདིའི་རྣམ་ཐར་གྱི་འདུ་ཚོགས་འདི་བརྒྱུད་ནས་མི་དེ་བས་མང་པོ་ཞིག་ལ་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་རྣམ་ཐར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་དུ་འཇུག་པ་དང་། མི་ཉག་གི་རྣམ་ཐར་དེ་དྲང་འཛིན་གསར་གཏོད་ཁྲོད་ནས་དུས་རབས་གསར་པར་མཚར་སྡུག་ངོམ་དུ་བཅུག་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་རིག་གནས་ཀྱི་དགེ་མཚན་འདོན་སྤེལ་ཐུབ་པའི་རེ་བ་ཡོད་ཟེར།
མི་ཉག་རྣམ་ཐར་ལ་མཚོན་ན། འབུད་རྡུང་དཀྲོལ་གསུམ་དང་འདོན་རྟ་དབྱངས་སོགས་ཀྱི་ཐད་ནས་རྣམ་ཐར་གྱི་ཁྱད་ཆོས་གཞིར་བཞག་ཐོག མི་ཉག་ས་ཆའི་གླུ་ངག་དང་འགྱུར་ཁུག་གི་ཁྱད་ཆོས་འབུར་དུ་བཏོད་ཡོད་ལ། ལྷག་པར་དུ་འཁྲབ་གོས་སོགས་ཀྱི་ཐད་ས་གནས་རང་གི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




