ཨ་རི་ཡོངས་ནས་ཐེ་རོན་ཕུའུ་ལ་རྒོལ་བའི་རྔམ་སྟོན་ཁྲོམ་སྐོར་བྱས།
| 2025-04-09 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་ལྔ་ཉིན། ཨ་རིའི་རྒྱལ་ཡོངས་ས་གནས་ཁག་ཏུ་རྒོལ་གཏམ་བྱེད་སྒོ་སྟོང་ལྷག་སྤེལ་ནས། ཐེ་རོན་ཕུའུ་སྲིད་གཞུང་དང་ཨའེ་ལུན་མ་སི་ཁེ་ཡིས་འགོ་ཁྲིད་བྱས་པའི་སྲིད་གཞུང་གི་ལས་ཕྱོད་པུའུ་ཡི་འབྲེལ་ཡོད་སྲིད་ཇུས་ལ་ངོ་རྒོལ་བྱས་པ་རེད།
བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས། ཉིན་དེར་རྒྱལ་ས་ཝ་ཧྲིང་ཐོན་དང་ཨ་རི་ཡོངས་ཀྱི་ཀྲོའུ་50རུ་རྔམ་སྟོན་བྱེད་སྒོ་ཁྱོན་1300ཙམ་སྤེལ། སྤྱི་ཚོགས་ཚོགས་པ་བརྒྱ་ལྷག་ཙམ་ཞུགས་ཡོད་པ་དང་། རྒོལ་གཏམ་གཏོང་ཡུལ་ལ་ཉིའུ་ཡའོ་དང་ཀྲི་ཅ་ཀོ། པོ་ཧྲི་ཏུན། ཞི་ཡ་ཐུའུ། ལུའོ་ཧྲན་ཅི་སོགས་ཚུད་ཡོད་ཅེས་བཤད་པ་རེད། གཙོ་གཉེར་ཕྱོགས་ཀྱི་གྲས་ཤིག་ཡིན་པའི་མདུན་སྐྱོད་རྩ་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ནས། དེ་ནི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་འགན་བཞེས་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཐུན་མོང་གི་རྒོལ་གཏམ་ཞིག་ཡིན་པ་དང་། མང་ཚོགས་ས་ཡ་ཁ་ཤས་ཀྱིས་ཨ་མེ་རི་ཁ་ཡོངས་ཀྱི་ས་གནས་ཁག་ཏུ་དུས་མཉམ་བྱ་སྤྱོད་སྤེལ་ནས། སྔར་བྱུང་མེད་པའི་གཞི་ཁྱོན་ཐོག་ཏུ་སྨན་བཅོས་ཁེ་དབང་དང་ངལ་རྩོལ་ཡོང་འབབ། སློབ་གསོ་དྲང་གཞག། སྤྱི་དམངས་ཀྱི་ཁེ་དབང་། དམངས་གཙོ་ལམ་ལུགས་བཅས་སྲུང་སྐྱོང་བྱེད་ཀྱི་ཡོད། ཐེ་རོན་ཕུའུ་སྲིད་གཞུང་གིས་ངལ་རྩོལ་བཟོ་པའི་དབང་ཆ་ཉུང་འཕྲི་གཏོང་བ་དང་། སྨན་བཅོས་འགན་བཅོལ་མ་ལག་ལ་གཏོར་བརླག་བྱས་ཏེ་དམངས་ཡོངས་ཀྱི་འཚོ་བའི་མ་གནས་མུ་མཐུད་འཕར་དུ་བཅུག་པ་དེ་མང་ཚོགས་ཀྱིས་རྒོལ་གཏམ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་རེད།
ཐེ་རོན་ཕུའུ་སྲིད་གཞུང་དང་མ་སི་ཁེ་ཡིས་འགོ་ཁྲིད་བྱེད་པའི་སྲིད་གཞུང་ལས་ཕྱོད་པུའུ་ཡིས་རྒྱལ་ཕྲན་མཉམ་འབྲེལ་གྱི་གླ་པ་གཞི་ཁྱོན་ཆེན་པོས་ཕྱིར་འབུད་བྱེད་པ་དང་། སྲིད་གཞུང་གི་སྒྲིག་གཞི་མང་པོ་མེད་པར་བཟོ་བ། སྨན་བཅོས་རྣམ་གྲངས་ཀྱི་གྲོན་དངུལ་ཉུང་གཏོང་བ། གནས་སྤོས་ཡུལ་མི་ཕྱིར་འབུད་བྱེད་པ་སོགས་ཀྱི་སྲིད་ཇུས་ཀྱིས་མང་ཚོགས་ཀྱི་ཡིད་རབ་ཏུ་མི་དགའ་བར་བྱས་ཡོད། དོན་དངོས་ཐོག་ཐེངས་འདིའི་རྒྱལ་ཡོངས་རང་བཞིན་གྱི་རྒོལ་གཏམ་མ་ཐོན་གོང་། ས་གནས་ཁག་ཏུ་བསྟུད་མར་རྒོལ་གཏམ་གྱི་བྱེད་སྒོ་རེས་སྐོར་མང་པོ་སྤེལ་ཡོད་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




