ཞི་ཅིན་ཕིང་གིས་ནང་སོག་པཱ་ཡན་ལའོ་ཨེར་དུ་གཟིགས་ཞིབ་གནང་ཞིང་བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་ཇེ་དྲག་གཏོང་བ་དང་བྱང་གསུམ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།
| 2023-06-07 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ལའོ་ཨེར་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྟེ། བྱེ་ཐང་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་འདོན་པ་དང་བྱང་གསུམ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་ཇེ་དྲག་བྱེད་པ་དང་། བྱང་གསུམ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་འཛུགས་སྐྱོང་ཡག་མོ་བྱེད་པ་ནི་རང་རྒྱལ་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་། ཀྲུང་ཧྭའི་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བཅས་དང་འབྲེལ་བ་ཆེ་ལ། དེང་སང་བྱས་རྗེས་བཞག་ན་ཡུན་རིང་ཕན་ཐོགས་པའི་བླ་མེད་བྱ་གཞག་ཡིན་གཤིས། འགན་འཁྲི་ཕྲག་ཁུར་ཕོད་དང་དཀའ་ངལ་ལ་མི་འཛེམ་པ། འབད་པ་ལྷོད་མེད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ངོ་མཚར་གསར་པ་སྐྲུན་དགོས་ལ། མེས་རྒྱལ་བྱང་ཕྱོགས་ལེ་བར་ཁྲི་ཕྲག་ཡོད་པའི་ལྗང་མདོག་གི་སྲུང་ཡོལ་ཡངས་པོ་འདི་སྔ་ལས་བརྟན་ཞིང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་དེ་བས་ཆེན་པོ་འཇོག་དགོས་ཞེས་ནན་གསུངས་གནང་།
ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་གྱི་བར། ཞི་ཅིན་ཕིང་ལགས་ཀྱིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུའུ་ཧྲུའུ་ཅི་སུན་ཧྲའོ་ཁྲི། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལི་ཞ་ཡི་ཕེབས་རོགས་འོག པཱ་ཡན་ལའོ་ཨེར་གྲོང་ཁྱེར་གྱི་རང་བྱུང་སྲུང་སྐྱོང་ཁུལ་དང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ། ནགས་ར། ཆུ་བེད་ལས་ཁུངས་སོགས་སུ་རྟོག་ཞིབ་གནང་།
རྨ་ཆུའི་ཁུག་འགོ་ལ་ཆགས་པའི་ཝུའུ་ལིའང་སུའུ་མཚེའུ་ནི་རྨ་ཆུ་འབབ་རྒྱུན་དུ་ཆེས་ཆེ་བའི་མཚེའུ་ན་ས་ཞིག་ཡིན་ཏེ། རྨ་ཆུའི་འབབ་ཆུ་སྙོམས་སྒྲིག་དང་ཆུ་གཙང་མ་བཟོ་བྱེད། འཁྱགས་འགོག་ཞོད་འགོག་སོགས་འགན་ནུས་ཆེན་པོ་ཡོད་ཅིང་། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བྱེད་ནུས་མང་པོ་འདུས་ས་དང་། པེ་ཅིན་དང་ཐེན་ཅིན་བྱེ་རླུང་འགོག་པའི་རང་བྱུང་སྐྱེ་ཁམས་སྲུང་ཡོལ་ཆེན་པོ་ཞིག་ཡིན།
ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་འདིར་ཕེབས་ནས། ས་གནས་དེ་གས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་མཉམ་དུ་སྲུང་སྐྱོབ་དང་མ་ལག་ཞིབ་ཕྲ་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་ཚུལ། སྐྱེ་ཁམས་ཁོར་ཡུག་སླར་གསོ་གང་ཐུབ་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཝུའུ་ལིའང་སུའུ་མཚེའུ་རང་བྱུང་ཁོར་ཡུག་དང་མཐའ་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས། ཝུའུ་ལིའང་སུའུ་མཚེའུ་ཡི་བཞུར་ཁོངས་བཅོས་སྐྱོང་ཡག་པོ་བྱས་པ་དེ་རང་རྒྱལ་གྱི་བྱང་ཕྱོགས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་ལ། ཝུའུ་ལིའང་སུའུ་མཚེའུ་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་ཁ་ཕྱོགས་གསལ་པོ་ཡིན་ཡང་། སེམས་གཏད་ནས་བཅོས་སྐྱོང་དང་གཅེས་སྐྱོབ་རྒྱུན་ཆད་མི་ཉན་ལ། འབད་བརྩོན་ལྷོད་མེད་བྱས་ཏེ་བྱང་རྒྱུད་ཀྱི་སྐྱེ་ཁམས་ནོར་བུ་འདི་སྲུང་སྐྱོབ་ཡག་པོ་བྱས་ནས། བུ་རབས་ཚ་རྒྱུད་ལ་རི་སྔོན་མོ་དང་ཆུ་དྭངས་མོ། མཁའ་དབུགས་གཙང་བའི་ཁྱིམ་གཞིས་དྲོན་མོ་ཞིག་འཇོག་དགོས་ཞེས་ནན་གསུངས་གནང་།
དེའི་རྗེས། ཞི་ཅིན་ཕིང་ཝུའུ་ལིའང་སུའུ་མཚེའུ་ཡི་ལྷོ་རྒྱུད་ལ་ཡོད་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་ཕེབས་ནས། གཤིན་ས་དང་ས་བོན་གྱི་དཔེ་བྱད་སོགས་ཀྱི་འགྲེམས་སྟོན་ལ་གཟིགས་ནས། ས་གནས་དེ་གར་བ་ཚྭ་ཅན་དང་ཐང་རྒོད་ལེགས་བཅོས་དང་སྣ་འཛོམས་བེད་སྤྱོད་བྱས་ནས། ས་གནས་དེ་གས་ཚྭ་ཞིང་བྱེ་རྒོད་ལེགས་བཅོས་དང་ཆ་སྙོམས་བེད་སྤྱོད་བྱེད་ཚུལ། ཚན་རིག་གིས་ཡུར་ཆུ་འདྲེན་ཚུལ། དེང་རབས་ཞིང་ལས་ཁྱབ་གདལ་བཏང་བ་བཅས་ལ་གདེང་འཇོག་ཆེན་པོ་གནང་། ཞི་ཅིན་ཕིང་རྣང་ཞིང་ནང་ཕེབས་ནས། གྲོ་དང་སུར་པན་སྐྱེ་ཚུལ་ལ་གཟིགས་ཞོར་དུ་ཡུལ་དངོས་ཀྱི་ཞིང་ལས་ལག་རྩལ་མི་སྣར་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྱོང་གནས་ཚུལ་ལ་བཀའ་འདྲི་གནང་སྟེ། ཁོང་གིས་དཔེ་སྟོན་གླིང་ཁུལ་གྱིས་དེང་རབས་ཞིང་ལས་ཁྱབ་གདལ་གཏོང་བའི་ཐད་ཕན་ནུས་པ་ཆེན་པ་འདོན་དགོས་ལ། མུ་མཐུད་དུ་འཚོལ་ཞིབ་བྱས་ནས་གནས་འདི་རུ་འཚམ་པའི་ས་བོན་དང་ལག་རྩལ། རྨོ་འདེབས་བྱེད་ཐབས་རྙེད་དགོས། མ་རྩ་ཇེ་ཆུང་དང་ཕན་འབྲས་ཇེ་ཆེ་བཏང་ནས། ཡང་ལས་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་བསགས་དགོས། ཧོ་ཐའོ་ས་ཁུལ་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ཡོད་ལ། ཆུ་འབེལ་ནའང་འཕྲོ་བརླག་གཏོང་མི་ཉན། དེང་རབས་ཕན་འབྲས་ཆེ་བའི་ཞིང་ལས་དང་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ་ལས། ཆུ་ཆེན་པོ་གང་མོས་འདྲེན་གཏོང་བྱེད་མི་རུང་། སྤྱིའི་ཆ་ནས་ནང་སོག་གི་རྩྭ་ཐང་ལ་ཕྱུགས་ཟོག་མང་དྲགས་པས། རྩྭ་ར་གསོ་བཅོས་ཐད་ལ་གཟབ་དགོས་ཞེས་གསུངས་པ་རེད།
ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ལིན་ཧོ་ཆུས་རྒྱལ་དབང་ཞིན་ཧྭ་ནགས་ར་རུ་ཕེབས་ནས་བྱང་གསུམ་སྲུང་སྐྱོང་ནགས་ཚལ་མ་ལག་ལས་གཞི་འཛུགས་སྐྲུན་སྐོར་ལ་རྒྱུས་ལོན་གནང་། ༡༩༧༨ལོ་ནས་བཟུང་ནགས་ར་དེས་རྨོ་ཞིང་བ་ཚྭ་ཅན་གྱུར་ནས་བྱེ་ཐང་འགྱུར་བའི་གནད་དོན་བཅོས་སྐྱོང་བྱས་ཚུལ་བསྡོམས་པས་མུའུ་ཁྲི་གསུམ་སྟོང་དགུར་ནགས་ཚལ་བསྐྲུན་ཡོད། ནགས་ར་རུ་ཞི་ཅིན་ཕིང་གིས་ནང་སོག་གི་བྱང་གསུམ་ལས་གཞི་འཛུགས་བསྐྲུན་དང་ནགས་ར་བྱེ་འགོག་ནགས་འཛུགས་སྐོར་གྱི་མཚམས་སྦྱོར་ལ་གསན་པར་མ་ཚད། ཡུལ་དེར་བཅོས་སྐྱོང་བྱེད་བཞིན་པའི་བྱེ་ས་ལ་གཟིགས་ཞིབ་གནང་། ཞི་ཅིན་ཕིང་གིས་མིའི་རིགས་ཀྱིས་འཚོ་གནས་དང་འཕེལ་རྒྱས་དེ་ལས་ཡག་པོ་འོང་དགོས་ན་ངེས་པར་དུ་བྱེ་འགོག་བཅོས་བྱེད་དགོས། དེ་ནི་རྡོ་ཕ་བོང་ལ་ལ་བསྒྲིལ་བ་འདྲ་བས་ལྷོད་གཡེང་ཅུང་ཙམ་ཤོར་སོང་ན་ཉེན་ཁ་ཇེ་ཆེ་རེད། བྱང་གསུམ་སྲུང་སྐྱོང་ནགས་ཚལ་མ་ལག་འཛུགས་སྐྱོང་ལྟ་བུའི་སྐྱེ་ཁམས་ལས་གཞི་འདི་འདྲ་ཆེན་པོ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ད་གཟོད་འགྲུབ་ཐུབ། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ད་རུང་ཉམས་སླ་བས་བྱེ་འགྱུར་འགོག་བཅོས་དེ་དུས་ཡུན་རིང་པོའི་ལོ་རྒྱུས་ལས་འགན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ལས་ཀ་འདི་དམ་འཛིན་རྒྱུན་མཐུད་བྱས་ནས་ང་ཚོའི་ཡབ་མེས་དང་མི་རབས་རྗེས་མ་རྣམས་ལ་ངོ་མི་གནོངས་བར་བྱ་དགོས། ནགས་རའི་ལས་ཀ་དཀའ་མོ་ཡིན་ཡང་གྲུབ་འབྲས་ཡང་མངོན་གསལ་དོད་པོ་ཡིན་པས་མུ་མཐུད་དུ་ཡག་པོ་སྒྲུབ་དགོས། ཚན་རིག་ཞིབ་འཛུགས་ལས་སྒྲུབ་པས་དཔྱད་རྩོམ་རྣམས་གཞི་རིམ་གྱི་ལག་ལེན་ཁྲོད་དུ་འབྲི་དགོས་ལ། ལག་ལེན་ཁྲོད་ཐོན་པའི་ཤེས་བྱ་དངོས་དེ་དཔྱད་རྩོམ་ཐོག་བཀོད་ནས་ཏང་དང་མི་དམངས་ལ་མཁོ་བའི་འབུམ་རམས་པ་དང་ཆེས་མཁས་པ་ཞིག་བྱ་དགོས་ཞེས་ནན་གྱིས་གསུངས།
དེའི་རྗེས་ཞི་ཅིན་ཕིང་ཧོ་ཐའོ་ཆུ་འདྲེན་ཁུལ་ཆུ་འབོར་ཆ་འཕྲིན་ཅན་ལྟ་ཞིབ་ཚད་ལེན་ལྟེ་གནས་ལ་གཟིགས་ཞིབ་ཕེབས། ཧོ་ཐའོ་ཆུ་འདྲེན་ཁུལ་ནི་རང་རྒྱལ་གྱི་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་གསུམ་གྱི་ཡ་གྱལ་ཞིག་རེད། དེང་སང་ཆ་ཚང་བའི་རིམ་པ་བདུན་ཅན་གྱི་ཞིང་ཆུ་འདྲེན་གཏོང་མ་ལག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་བྱེ་གཞོང་དང་འཆར་ཤེལ་མཉམ་གཟིགས་གནང་ནས། ས་གནས་དེ་གའི་ཆ་འཕྲིན་ཅན་གྱི་ལག་རྩལ་སྤྱད་ནས་ཧོ་ཐའོ་ཆུ་འདྲེན་ཁུལ་གྱི་ཞིབ་ཅིང་ཕྲ་བའི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས་ཆུའི་ཐོན་ཁུངས་འབག་མེད་ནུས་མཐོའི་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན། ཞི་ཅིན་ཕིང་གིས་ཧོ་ཐའོ་ཆུ་འདྲེན་ཁུལ་གྱི་ཞིང་ཆུ་ལས་གཞི་ནི་ལོ་ངོ་སྟོང་གི་བྱ་གཞག་ཆེན་པོ་ཡིན་ལ་དཀའ་ལས་ཆེན་པོ་བརྒྱབ་ཡོད་ཀྱང་བརྒྱབ་རི་བ་ཞིག་རེད། ད་རུང་མུ་མཐུད་དུ་འཐུས་ཚང་དང་མཐོར་འདེགས་བཏང་ནས་ཚན་རིག་དང་མཐུན་པའི་ཆུ་བགོས་གཏོང་འདྲེན་ཆུ་ཚད་མཐོར་གཏོང་བར་མ་ཚད། གཏོང་འདྲེན་ཚད་ལྡན་དང་སྣ་མང་ཅན་གྱི་ནང་འདྲེན་མཐུན་རྐྱེན་བཙུགས་ནས་སྤྱི་ཚོགས་སྟོབས་ཤུགས་ནང་ཞུགས་བཀོད་སྒྲིག་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་།
ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་པཱ་ཡན་ནའོ་ཨེར་གྲོང་ཁྱེར་དུ་ཐང་རྒོད་ཅན་ལ་ཕྱོགས་བསྡུས་འགོག་བཅོས་དང་བྱང་གསུམ་སོགས་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་གལ་ཆེན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཝང་ཀོང་ཧྭ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་། ཉིང་ཞཱ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལིའང་ཡན་ཧྲོན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཡིག་ཐོག་གཏམ་བཤད་སྤྲད་པ་རེད། ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་གིས་ཐང་རྒོད་ འགོག་བཅོས་ལས་ཀ་ལ་གཙིགས་ཆེན་པོ་བྱེད་བཞིན་ཡོད་ལ། བྱེ་འགོག་བྱེ་བཅོས་དེ་ཐང་རྒོད་ཅན་འགོག་བཅོས་ཀྱི་ལས་འགན་གལ་ཆེན་ལ་འཛིན་ནས། སྔ་རྗེས་སུ་བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་ལས་གཞི་འཛུགས་སྐྱོང་དང་རྨོ་སྐྱུར་ནགས་རྩྭ་་འཛུགས་སྐྱོང་། པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་འགོ་ཁུངས་འགོག་བཅོས་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་ཁག་གཅིག་ལག་བསྟར་བྱས་པ་རེད། ལོ་ངོ་བཞི་བཅུ་ལྷག་ལ་དཀའ་སྤྱད་སྡུག་རུས་བྱས་ནས། རང་རྒྱལ་གྱི་བྱེ་འགོག་བྱེ་བཅོས་ལས་ཀ་ལ་འཛམ་གླིང་གི་ཡིད་སྨོན་ཤོར་བའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། བཅོས་སྐྱོང་ཁྱབ་ཁོངས་གལ་ཆེན་དེ་བྱེ་འགྱུར་མི་སྤོ་ནས། ལྗང་འགྱུར་བྱེ་བཅོས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་དམངས་གཙོ་ལེགས་བཅོས་འགྲོས་ཇེ་ཡག་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། ཐང་རྒོད་འགྱུར་བའི་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་རྣམ་པ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཐང་རྒོད་ཅན་དང་ས་ཞིང་བྱེ་འགྱུར་ཇེ་ཉུང་སོང་ཡོད། བྱེ་རླུང་ཉེན་ཁ་དང་ས་ཆུ་ཤོར་བར་འགོག་བཅོས་ཆེན་པོ་ཐོབ་ཅིང་། བྱེ་འགོག་བྱེ་བཅོས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་ཉིན་བཞིན་འཐུས་སྒོ་ཚང་འགྲོ་བ་དང་། འབག་མེད་དམངས་ཕན་གྱི་ཕན་འབྲས་མངོན་གསལ་ཐོབ་ཡོད། བྱང་གསུམ་སྙིང་སྟོབས་གཏོད་ཡོད་ཅིང་སྐྱེ་ཁམས་བཅོས་སྐྱོང་གི་རྒྱལ་སྤྱིའི་དཔེ་སྟོན་བཙུགས་ཡོད། ལག་ལེན་དངོས་ལས་ཏང་ཀྲུང་དབྱང་གི་བྱེ་འགོག་དང་བྱེ་བཅོས་ཁྱད་པར་དུ་བྱང་གསུམ་སོགས་ལས་གཞི་འཛུགས་བསྐྲུན་གྱི་ཐབས་ཇུས་ཡང་དག་དང་མིག་རྒྱང་རིང་བར་བདེན་དཔང་བྱས་ཡོད། རང་རྒྱལ་གྱིས་རང་བྱུང་ཆོས་ཉིད་དང་མཐུན་པ། རྒྱལ་ཁབ་དང་ས་གནས་ཀྱི་གནས་ཚུལ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་བྱེ་འགོག་བྱེ་བཅོས་ལམ་བུ་ཞིག་གཏོད་ཐུབ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས།ཐང་རྒོད་དུ་འགྱུར་བ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་གནོད་སྐྱེལ་བའི་གོ་ལ་རང་བཞིན་གྱི་སྐྱེ་ཁམས་གནད་དོན་གལ་ཆེན་ཞིག་རེད། རང་རྒྱལ་ནི་འཛམ་གླིང་ཐོག་ཐང་རྒོད་དུ་འགྱུར་བའི་གནད་དོན་ཆེས་ཚབས་ཆེ་ཤོས་རྒྱལ་ཁབ་ཅིག་ཡིན་ཏེ། ཐང་རྒོད་ཤོར་ས་གཙོ་བོ་བྱང་གསུམ་ས་ཁུལ་ཡིན་པར་མ་ཟད། ཐང་རྒོད་ས་ཁུལ་དང་དཔལ་འབྱོར་འཕེལ་རྒྱས་ཞན་པའི་ས་ཁུལ་དང་། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་སོགས་གཅིག་ཏུ་འཁེལ་ཡོད། ཐང་རྒོད་ཅན་དང་བྱེ་རླུང་གི་གནོད་འཚེ་དང་ས་ཆུ་ཤོར་བའི་སྐྱེ་ཁམས་གནོད་འཚེ་ཡིས། བྱང་གསུམ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཀག་འགོག་ཐེབས་པ་དང་། ཀྲུང་ཧྭའི་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཐད་ལ་འགྲན་སློང་ཐེབས་ཡོད།མིག་སྔར། རང་རྒྱལ་གྱི་ཐང་རྒོད་ཅན་དང་བྱེ་འགྱུར་ས་ཁུལ་བཅོས་སྐྱོང་ཐད་སྤྱིའི་ཆ་ནས་ལེགས་བསྒྱུར་དང་ལེགས་བཅོས་ཇེ་མགྱོགས་ཀྱི་རྣམ་པ་ཡག་པོ་མངོན་ཡོད་ཀྱང་། རེད་དེ་བྱེ་འགྱུར་ས་ཁུལ་རྒྱ་ཁྱོན་ཆེ་ཞིང་ཁྱབ་རྒྱ་ཆེ་བ། བྱེ་འགྱུར་ཚབས་ཆེ་བས་བཅོས་སྐྱོང་དཀའ་བ་བཅས་ཀྱི་གཞི་རྩའི་གནད་དོན་དེ་ད་དུང་རྩ་བ་ནས་བཅོས་ཐུབ་མེད། ལོ་འདི་དག་རིང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འོག རང་རྒྱལ་བྱང་ཕྱོགས་ཀྱི་བྱེ་རྡུལ་གནམ་གཤིས་ཀྱི་ཐེངས་གྲངས་ཇེ་མང་སོང་ཡོད་ལ། དངོས་ཡོད་གནས་ཚུལ་ལས། རང་རྒྱལ་གྱི་ཐང་རྒོད་ཅན་འགོག་བཅོས་དང་བྱེ་འགོག་བཅོས་སྐྱོང་ལས་ཀའི་གནས་བབ་སྔར་བཞིན་ཚབས་ཆེ་ཡིན་པར་མཚོན་ཐུབ་པས། ང་ཚོས་བྱེ་འགོག་བྱེ་བཅོས་ཀྱི་ལས་ཀ་དུས་ཡུན་རིང་བ་དང་་དཀའ་ཚེགས་ཆེ་བ། བསྐྱར་ཟློག་མང་བ། གཏན་འཁེལ་མིན་པ་བཅས་ཡིན་པར་ངོས་འཛིན་ཡང་དག་བྱས་ཏེ། སྔར་བས་ངེས་གནས་མཐོན་པོ་དང་། འགན་འཁྲིའི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་དྲག་པོ་སྐྱེས་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སུམ་ཅུ་ལོ་ནི་བྱང་གསུམ་ལས་གཞིའི་དུས་རིམ་དྲུག་པའི་འཛུགས་སྐྲུན་དུས་རིམ་ཡིན་ལ། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་གནད་འགག་གི་དུས་རིམ་ཡིན་པ་དང། བྱང་གསུམ་ལས་གཞི་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་འགག་སྒྲོལ་དུས་རིམ་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། རི་ཆུ་ནགས་ཚལ་ས་ཞིང་དང་། མཚེའུ་རྩྭ་ཐང་བྱེ་ཐང་བཅས་གོང་བུ་གཅིག་ཏུ་སྲུང་སྐྱོབ་དང་མ་ལག་ཆ་ཚང་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། བྱེ་འགོག་བྱེ་བཅོས་བྱ་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་ནས། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་གཏོང་རྒྱུ་རྩ་བའི་དམིགས་འབེན་དུ་བཟུང་ཞིང་། ཡུལ་དངོས་དང་བསྟུན་ནས་ཐག་གཅོད་དང་། གནོད་འཚེ་ལ་དམིགས་ཏེ་འགོག་བཅོས། རིགས་བགར་ནས་ཐབས་ཇུས་འདོན་པ་བཅས་བྱས་ནས། སྤྱི་འདོམས་སྒོས་མཐུན་སྦྱོར་དང་། གཙོ་གནད་བཅོས་སྐྱོང་ཐུབ་པ། ཕྱོགས་སོ་སོའི་ཧུར་སེམས་བསྐྱེད་དེ། ལོ་བཅུ་ཡས་མས་ཀྱི་རིང་། བྱང་གསུམ་ལས་གཞིའི་འགག་སྒྲོལ་ལས་ཀ་ཡག་པོར་བསྒྲུབས་ཏེ། བྱང་གསུམ་ལས་གཞི་དེ་མཐུ་ནུས་ཚང་ཞིང་བྱང་ཕྱོགས་ཀྱི་གཡོ་བ་མེད་པའི་ལྗང་མདོག་གི་སྲུང་ར་དང་སྐྱེ་ཁམས་སྲུང་ཡོལ་དུ་བསྐྲུན་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས་མ་ལག་རང་བཞིན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རི་ཆུ་ནགས་ཚལ་ཞིང་ས་དང་། །མཚེའུ་རྩྭ་ཐང་བྱེ་ཐང་བཅས་གོར་བུ་གཅིག་ཏུ་སྲུང་སྐྱོང་དང་བཅོས་སྐྱོང་ཞིབ་ཕྲ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་། ན་ཐང་། བྱེ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཞིག་གསོ་གཅིག་གྱུར་བྱེད་པ་དང་།བྱེ་ཐང་དང་རི་ཆུ་བཅས་བཅོས་སྐྱོང་རྒྱུ་ཆ་ཡོད་ཚད་མཐུན་སྦྱོར་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་ཞིང་བརྟན་ལ། ནུས་པ་ཀུན་འཛོམས་ཀྱི་ནགས་ཚལ་དང་རྩྭ་ཐང་། ན་ས། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་གསོ་སྐྱོང་ཡག་མོ་བྱེད་དགོས། ས་ཁོངས་ཀྱི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ས་ཁོངས་ཀྱི་ཚད་བཀག་སེལ་བ། བྱེ་ཐང་གི་མཐའ་མཚམས་དང་ལྟེ་གནས། རླུང་སྟོད་དང་རླུང་སྨད། བྱེ་ཁུངས། ལམ་བརྒྱུད་ས་ཁུལ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཚེག་ཐིག་ངོས་བཅས་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་འགོག་སྲུང་དྲ་བ་འཛུགས་དགོས། ཞིང་ལས་དང་ནགས་ལས། འབྲོག་ལས། ཞིང་ས་བཅས་བེད་སྤྱོད་སྒྲིག་གཞི་ལེགས་བཅོས་བྱེད་པ། རྒྱལ་སའི་ཁོར་ཡུག་བེད་སྤྱོད་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། དགོས་ངེས་ཀྱི་སྐྱེ་ཁམས་ཁོར་ཡུག་འདང་ངེས་འཇོག་པ་བཅས་བྱས་ནས། ཐོབ་དཀོན་པའི་རྩྭ་ཐང་དང་ནགས་ཚལ་སྲུང་སྐྱོང་ཡག་མོ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་གཙོ་གནད་བཅོས་སྐྱོང་འབུར་དུ་ཐོན་པ་བྱས་ནས་མཚོན་རྟགས་རང་བཞིན་གྱི་ལས་དོན་ཆེན་པོ་གསུམ་ཡག་པོ་སྒྲུབ་དགོས། ཕྱོགས་ཡོངས་ནས་རྨ་ཆུའི་ཁུག་རྒྱུན་གྱི་ལས་དོན་ཡག་པོ་བསྒྲུབ་པ། མའོ་ཝུའུ་སུའུ་བྱེ་ཐང་དང་། ཁུའུ་པུའུ་ཆི་བྱེ་ཐང་། ཧོ་ལན་རི་བོ་སོགས་གཙོ་གནད་དུ་བཟུང་ནས། ཕྱོགས་ཡོངས་ནས་ས་ཁོངས་རང་བཞིན་གྱི་མ་ལག་བཅོས་སྐྱོང་ལས་གཞི་ལག་བསྟར་བྱེད་པ་དང་། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཧོ་ཐའོ་བདེ་ཐང་གི་ཆུ་བོ་དང་མཚེའུ། ན་ས་དང་རང་བྱུང་རྩྭ་ཐང་བཅས་སྲུང་སྐྱོང་དང་ཞིག་གསོ་བྱས་ནས། བྱེ་འགོག་བྱེ་བཅོས་དང་ཆུ་ཁུངས་གསོ་སྐྱོང་ནུས་པ་མཐོར་འདེགས་གཏོང་དགོས། ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོ་ཨེར་ཞིན་དང་ཧུན་ཧྲན་ཏ་ཁེ་བྱེ་ཐང་ཆེན་པོ་གཉིས་རྩ་མེད་གཏོང་བའི་འགོག་བཅོས་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་ཞིག་གསོ་ལས་གཞི་ལག་བསྟར་བྱས་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་དགོས། ནུས་ཤུགས་ཡོད་རྒུས་རྨ་ནུབ་རྡོ་ལམ་ནས་ཐ་ཁེ་ལ་མ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་བཅོས་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་མདོ་ལ་རི་བོ་དང་ཐེན་ཧྲན་རི་བོ། ཨ་ཨེར་ཐའེ་རི་བོ། ཧོ་ལན་རི་བོ། ལིའུ་ཕན་རི་བོ་སོགས་ས་ཁོངས་ཀྱི་རང་བྱུང་ནགས་ཚལ་དང་རྩྭ་ཐང་རྩི་ཤིང་འགོག་སྲུང་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་ཉམས་རྒུད་དུ་སོང་བ་ཞིག་གསོ་ཡག་མོ་བྱས་ནས། བྱེ་ཁུངས་མི་མཆེད་པར་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
ཞི་ཅིན་ཕིང་གིས། ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་ཐང་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བྱེ་ཐང་སྐྱེ་ཁམས་མ་ལག་ཀྱི་སྤུས་ཀ་དང་གཏན་འཇགས་རང་བཞིན་གོང་མཐོར་གཏོང་དགོས། ཆུའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བཏང་ནས། ཆུས་ལྗང་མདོག་ཁེབས་པ་དང་ཆུས་ས་གཤིས་སྐྱོང་བ། ཆུས་མི་དང་ཐོན་ལས་གཏན་འཁེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུའི་ཐོན་ཁུངས་དེ་ཐག་གཅོད་དང་ཚོད་འཛིན་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས། ཆུ་དང་ནགས་ཚལ་རྩྭ་ཐང་གྲོན་ཆུང་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་ཁེབས་སླར་གསོའི་རྣམ་པ་འདེམ་གསེབ་བྱེད་ཅིང་། ནགས་རྩྭ་རིགས་ཀྱིས་ཁེབས་ཚད་དང་སྟུག་ཚད་བཀོད་སྒྲིག་ལུགས་མཐུན་བྱས་ནས། རྩི་ཤིང་དང་རྫོབ་ཟུང་འབྲེལ་རྒྱུན་འཁྱོངས་དང་། རླུང་འགོག་བྱེ་འགོག་གི་ནགས་ར་དང་ནགས་ཁུལ། དེ་མིན་རླུང་འགོག་བྱེ་འགོག་གི་རྩྭ་ཐང་དང་ནགས་ཚལ་ཁུལ་སོགས་འཛུགས་དགོས། ས་གནས་གནས་བབ་དང་བསྟུན་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱེད་ཐབས་ནུས་ལྡན་ཁྱབ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་རྒྱ་ཆེར་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་སྔོན་འགོག་དང་བཅོས་སྐྱོང་སྤྱི་ཆིངས་ལག་ལེན་བསྟར་ནས། འཛམ་གླིང་བྱེ་ཐང་ཅན་གྱི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་། ལྷག་པར་དུ་མཐའ་འཁོར་རྒྱལ་ཁབ་ཀྱི་མཉམ་ལས་ཇེ་དྲག་གཏོང་བ་དང་། རྒྱུད་གཅིག་མཉམ་གཅིག་མཉམ་འཛུགས་རྒྱལ་ཁབ་ཀྱི་བྱེ་ཐང་ཅན་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཅིང་། རྒྱལ་ཁབ་ཁག་གི་སྲིད་ཇུས་ཁ་བརྡ་དང་ཆ་འཕྲིན་མཉམ་སྤྱོད་ལ་སྣེ་ཁྲིད་བྱེད་དེ། མཉམ་དུ་བྱེ་རླུང་གནོད་སྐྱོན་ལ་ཁ་གཏད་འཇལ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་མཇུག་མཐར། བྱང་གསུམ་ལས་གཞི་ལག་བསྟར་བྱེད་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཡིན་པས། ཁྱོན་ཡོངས་ནས་རྩ་འཛུགས་འགོ་ཁྲིད་ཇེ་དྲག་བཏང་ནས། ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་དང་ཞིང་ཆེན་གྱིས་སྤྱིའི་འགན་ཁུར། གྲོང་ཁྱེར་དང་རྫོང་གིས་ལག་ལེན་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་ལུགས་རྒྱུན་འཁྱོངས་བྱེད་ཅིང་། སྲིད་ཇུས་ལམ་ལུགས་འཐུས་ཚང་དང་མཐུན་སྦྱོར་རོགས་རེས་ཇེ་དྲག་གཏོང་བ་དང་། འབྲེལ་ཡོད་ལས་ཀ་གཙོ་བོར་གཅིག་གྱུར་བཀོད་སྒྲིག་དང་མཛུབ་སྟོན་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། བྱང་གསུམ་ལས་གཞིའི་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་དང་སྲིད་ཇུས་རྒྱབ་རྟེན་མ་ལག་འཐུས་ཚང་བཏང་ནས། བརྟན་ཞིང་རྒྱུན་མཐུད་པའི་མ་གཏོང་ལམ་ལུགས་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་བྱས་ནས། འཆར་གཞི་གཅིག་གཏན་ལ་ཁེལ་ནས་རེ་རེ་བཞིན་ལག་ལེན་མཐར་ཕྱིན་བྱེད་ཅིང་། འབད་པ་ལྷོད་མེད་ཀྱིས་བྱང་གསུམ་སོགས་ལས་གཞི་གལ་ཆེན་འཛུགས་སྐྱོང་བྱས་ནས། རང་རྒྱལ་གྱི་བྱང་ཕྱོགས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཇུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་ལ་ཕེབས་རོགས་གནང་ཞིང་བཞུགས་མོལ་ཚོགས་འདུར་ཞུགས། ལི་ཀན་ཅེ་སོགས་རྟོག་ཞིབ་ལ་ཕེབས་རོགས་གནང་ཞིང་བཞུགས་མོལ་ཚོགས་འདུར་ཞུགས། ཧོ་ལེ་ཧྥུང་རྟོག་ཞིབ་ལ་ཕེབས་རོགས་གནང་། མ་ཞིན་རུའེ་དང་ཀྲུང་དབྱང་དང་རྒྱལ་ཁྱབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།




