འབར་ཁམས་ཀྱི་ཚོ་བདུན་ཡུལ་ཚོས་རིག་རྩལ་བྱེད་སྒོ་འདི་འདྲ་ཞིག་སྤེལ།
| 2025-08-05 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ༨པའི་ཚེས་༢ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཚོ་བདུན་ཡུལ་ཚོའི་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཚོ་བདུན་ཡུལ་ཚོའི་བདེ་སྐྱིད་སྡེ་བས་འགན་སྒྲུབ་བྱས་པའི་བཀའ་དྲིན་སེམས་ལ་བཅངས་ནས་མ་འོངས་འཚོ་བ་རེ་བས་བསུ་ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་རྒྱལ་རོང་སྐོར་བྲོའི་ཕ་ས་རུ་བསྔགས་པའི་ཚོ་བདུན་ཡུལ་ཚོའི་བདེ་སྐྱིད་སྡེ་བ་རུ་གཟབ་རྒྱས་ངང་སྤེལ།


བྱེད་སྒོའི་ཡུལ་དངོས་སུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དང་འབར་ཁམས་གྲོང་ཁྱེར་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་སོགས་གདན་ཐོག་གཅིག་ཏུ་འཛོམས་ཏེ། སྙན་མོའི་དབྱངས་ཀྱི་འགྱུར་ཁུག་དང་རྒྱལ་རོང་སྐོར་བྲོའི་ཐུན་མོང་མ་ཡིན་པའི་སྟངས་སྟབས་ཀྱི་ཁྲོད་ནས། ལོ་ངོ་གསུམ་གྱི་རིང་ལ་གནོད་རྗེས་བསྐྱར་སྐྲུན་བྱས་པ་བརྒྱུད། ཕྱིའི་འཛུགས་སྐྲུན་གྱི་བཀོད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་ཇེ་ལེགས་ཇེ་རྒྱས་སུ་ཕྱིན་ནས། མི་སེར་གྱི་སེམས་པ་སྤྲོ་བས་ཁེངས་པའི་དགའ་སྐྱིད་ཉམས་སུ་མྱོང་བ་རེད།

ཚོ་བདུན་ཡུལ་ཚོ་ནི་རིག་གནས་ཀྱི་རྫོང་མཐུག་ས་ཞིག་ཡིན་པས། སྐོར་བྲོའི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ཡོད་ལ། རོང་འབྲོག་གཉིས་ཀྱི་ས་མཚམས་ན་གནས་ཡོད་པས། ཐུན་མོང་མ་ཡིན་པའི་ཡུལ་སྐད་དང་ཡུལ་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པོ་ཡོད། གནས་དེ་རུ་ད་དུང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་ལག་སྟེ་ཡན་ལག་བརྒྱད་ལྡན་གྱི་ཀྱོམ་ཀྱོ་ཆུ་བོ་སོགས་ཆུ་དང་གཙང་པོ་ལྷུང་ལྷུང་དལ་གྱིས་འབབ་ཅིང་། བརྗིད་ཉམས་ལྡན་པའི་གནས་རི་བཞག་ར་སྨན་རྩིས་དང་གཡུ་ཡི་མེ་ལོང་འཁྱིལ་འདྲའི་བཞག་ར་གཉན་མཚོ་སོགས་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

ཚོ་བདུན་ཡུལ་ཚོར་ས་འགུལ་བྱུང་རྗེས། ཏང་དང་སྲིད་གཞུང་གི་སྣེ་ཁྲིད་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་རྒྱབ་སྐྱོར་སོགས་ལ་བརྟེན་ནས། ལོ་ངོ་གསུམ་གྱི་རིང་ལ་གནོད་རྗེས་བསྐྱར་སྐྲུན་བྱས་པ་བརྒྱུད་དེ་ད་ལྟ་རྣམ་པ་གསར་པ་དང་རེ་བ་གསར་པ་ཞིག་མངོན་ཡོད།


གསར་འགོད་པ། མཚོ་མོ་སྐྱིད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། མགོན་པོ་ཚེ་རིང་།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




