ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་གྱི་ཙུང་ཐུང་ལ་ཐུག་འཕྲད་གནང་།
| 2025-06-18 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ས་གནས་དེ་གའི་དུས་ཚོད་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཟི་ཐ་ན་རུ་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་འཛོམས་གྲོས་ཚོགས་ནང་ཞུགས་རིང་ལ་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེ་ཨེར་ཏི་མུའུ་ཧ་སྨེ་ཏའོ་ཧྥུའུ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཏུར་མེན་སི་ཐན་གཉིས་ཀྱི་བར་ཆབ་སྲིད་ཡིད་ཆེས་བརྟན་པོ་ཡོད་པ་དང་། མཉམ་ལས་ཀྱི་འདུན་པ་དྲག་པོ་ཡོད་ལ། ཕན་ཚུན་ཁ་གསབ་ཀྱི་ལེགས་ཆ་ཡག་པོ་ཡོད། ཀྲུང་གོས་ཏུར་མེན་སི་ཐན་དང་མཉམ་དུ་མུ་མཐུད་ནས་ཕན་ཚུན་བརྩི་བཀུར་དང་མཉམ་ལས་གཉིས་ཁེའི་རྨང་གཞིའི་ཐོག་མཉམ་ལས་སྤེལ་ཤུགས་གང་མང་ལེགས་འདོན་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ། གཞི་ཁྱོན་བཅས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད། ཕྱོགས་གཉིས་ཀས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་འགོ་དོན་འཁྱོལ་དང་དར་སྐུད་འདྲེན་ལམ་བསྐྱར་དར་གྱི་འཐབ་ཇུས་སྦྲེལ་ནས་རྒྱབ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་མཉམ་ལས་གཞི་ཁྱོན་ཇེ་ཆེ་དང་། ཐོན་ཁུངས་མིན་པའི་ཁྱབ་ཁོངས་ནང་གི་མཉམ་ལས་རྒྱ་བསྐྱེད་པ་དང་། ཉོ་ཚོང་སྒྲིག་གཞི་ལེགས་བཅོས་གཏོང་བ། ས་ཁུལ་གྱི་ཕན་ཚུན་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕན་ཚུན་རིག་གནས་ལོ་འཚོག་པའི་རྨང་གཞིའི་ཐོག་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་སྒོ་མང་པོ་འཚོགས་པ་དང་། ཕན་ཚུན་རིག་གནས་ལྟེ་གནས་མགྱོགས་པོར་འཛུགས་པ། དམངས་སེམས་ཕན་ཚུན་འབྲེལ་བར་སྐུལ་ལྕག་བྱེད་དགོས། ཁྲིམས་འཛིན་བདེ་འཇགས་དང་འགོག་སྲུང་ལས་དོན་གྱི་མཉམ་ལས་སྔར་བས་ཇེ་དྲག་གཏོང་བ་དང་། སྟོབས་ཤུགས་ངན་པ་གསུམ་ལ་མཉམ་དུ་རྡུང་བརྡེག་བྱས་ནས་དྲ་རྒྱ་བདེ་འཇགས་ཀྱི་མཉམ་ལས་ཇེ་མཐོར་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོས་ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་མཚེས་བདེ་འཇགས། ཁྱིམ་མཚེས་ཕྱུག་འགྱུར། ཟོལ་མེད་ཕན་ཡངས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་ཀྱི་ཐོག་ནས་རྒྱུད་གཅིག་ལམ་གཅིག་སྤུས་མཐོའི་མཉམ་སྐྲུན་དེ་སྟེགས་བུ་གཙོ་བོར་བཟུང་ནས་ཏུར་མེན་སི་ཐན་འདུས་པའི་ཉེ་འཁོར་རྒྱལ་ཁབ་ཀྱིས་མཉམ་དུ་མ་འོངས་གཏོད་དགོས། ཀྲུང་གོས་ཏུར་མེན་སི་ཐན་འཛམ་གླིང་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ནང་ཞུགས་པ་དང་ཨབ་གྷན་སི་ཐན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ཐེངས་ལྔ་པ་ཡག་པོ་འཚོགས་པར་རྒྱབ་སྐྱོར་ཡོད། ཏུར་མེན་སི་ཐན་དེ་ནམ་ཡང་དབུ་མའི་ལངས་ཕྱོགས་འཛིན་པའི་ཐོག་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་སྔར་བས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་དགའ་བསུ་ཡོད། ཏུར་མེན་སི་ཐན་གྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནས་མཐུན་སྦྱོར་དང་གཞོགས་འདེགས་ཇེ་དྲག་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་གསུང་གནང་།
པེ་ཨེར་ཏི་མུའུ་ཧ་སྨེ་ཏའོ་ཧྥུའུ་ཡིས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་འཛོམས་གྲོས་ཚོགས་འཚོགས་རིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇལ་འཛོམས་ཐུབ་པར་དགའ་བོ་བྱུང་ཡོད། རྩེ་འཛོམས་གྲོས་ཚོགས་ཀྱིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་གོང་དུ་སྤེལ་བ་དང་། ཏུར་མེན་སི་ཐན་དང་ཀྲུང་གོའི་ཕྱོགས་གཉིས་མཉམ་ལས་གོང་དུ་སྤེལ་བའི་ཡིད་ཆེས་ཡོད། ཏུར་མེན་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་ཟབ་མོ་འགྲོ་བར་འཐབ་ཇུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཞིང་། ཏུར་མེན་སི་ཐན་གྱིས་ཀྲུང་གོའི་བར་གྱི་མཉམ་ལས་ཁྱོན་ཡོངས་ནས་རྒྱ་བསྐྱེད་པ་དང་། ཀྲུང་གོར་རང་བྱུང་སོལ་རླངས་ཕྱིར་གཏོང་རྒྱ་བསྐྱེད་པ་དང་། འཕྲུལ་ཆས་བཟོ་སྐྲུན་དང་འཁལ་འཐག་སོགས་ཐོན་ཁུངས་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་གཏོང་བ། ཕན་ཚུན་སྦྲེལ་མཐུད་ཇེ་དྲག་གཏོང་བ་དང་། སློབ་གསོ་དང་མི་ཆོས་རིག་གནས་སོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་གོང་དུ་སྤེལ་བ། ཁྲིམས་འཛིན་བདེ་འཇགས་ཀྱི་མཉམ་ལས་ཇེ་ཟབ་གཏོང་བ་དང་། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་མཐུན་སྦྱོར་དང་མཉམ་ལས་ཇེ་དྲག་བཏང་ནས་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
ཐུག་འཕྲད་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲོས་ཆོད་ཐོག་མིང་རྟགས་བཀོད་ཅིང་ཁྱབ་བསྒྲགས་བྱས་པར་བདེན་དཔང་མཛད་པ་རེད།

