ཞི་ཅིན་ཕིང་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་འཛོམས་གྲོས་ཚོགས་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད།
| 2025-06-19 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ས་གནས་དེ་གའི་དུས་ཚོད་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་འཛོམས་གྲོས་ཚོགས་ཨ་སི་ཐ་ནའི་རང་བཙན་ཕོ་བྲང་ནས་སྤེལ་བ་རེད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡའེ་ཧྥུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལོ་ཧོ་མོན། ཏུར་ཁེ་སི་ཐན་གྱི་ཙུང་ཐུང་པེར་ཨར་ཏེ་མུའུ་ཧྭ་མེ་ཏའོ་ཧྥུའུ། ཨུ་ཟ་བྷེ་ཁོ་སི་ཐན་གྱི་ཙུང་ཐུང་མེ་ཨར་ཅི་ཡའེ་ཡེ་ཧྥུའུ་བཅས་གྲོས་ཚོགས་ནང་ཞུགས་པ་རེད། དབུ་ཁྲིད་རྣམ་པས་མཛའ་མཐུན་གྱི་རྣམ་པ་བཟང་པོའི་འོག་མཉམ་དུ་ཞི་ཨན་རྩེ་འཛོམས་གྲོས་ཚོགས་འཚོགས་པ་ནས་བཟུང་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་བར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ། མ་འོངས་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱང་ལྟ་བྱས་ནས། མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཛའ་མཐུན་རྟག་བརྟན་ཁྱིམ་མཚེས་རྒྱུན་འཁྱོངས་དང་། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་རང་བཙན་ཕོ་བྲང་ལ་སླེབས་སྐབས། ཐའོ་ཁ་ཡའེ་ཧྥུའུ་ཡིས་སྤྲོ་སེམས་འཁོལ་བས་སྣེ་ལེན་ཞུས།
ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་འགོ་ཁྲིད་མཉམ་པར་བསྐྱོན། དེ་རྗེས་རྩེ་འཛོམས་གྲོས་ཚོགས་སུ་ཞུགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས་དར་སྤེལ་བཏང་ནས། ས་ཁུལ་མཉམ་ལས་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ཞེས་པའི་བརྗོད་དོན་གཙོ་བའི་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་གཉིས་ཀྱི་ཡར་སྔོན་ལ། ང་ཚོ་ཀྲུང་གོའི་ཞི་ཨན་དུ་འཛོམས་ནས་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ཀྱི་ཞི་ཨན་གྱི་ཕུགས་འདུན་འཆར་འགོད་བྱས། ལོ་གཉིས་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དོན་གཉེར་དང་གཏིང་ཟབ་ཏུ་ཕྱིན་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་སྐུལ་འདེད་གང་ལེགས་བཏང་བས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ནང་རྐྱེན་གྱི་ཀ་བཞི་གདུང་བརྒྱད་གཞི་རྩའི་ཆ་ནས་ཆགས་པ་རེད། སྐབས་དང་པོའི་རྩེ་འཛོམས་གྲོས་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། མཉམ་ལས་ལམ་བུ་རྒྱ་ཇེ་ཆེ་ནས་ཇེ་ཆེ་རེད། མཛའ་བརྩེའི་མེ་ཏོག་དེ་འོད་སྟོང་ཇེ་འབར་ནས་ཇེ་འབར་རེད།
ཞི་ཅིན་ཕིང་གིས། ང་ཚོའི་མཉམ་ལས་ནི་ལོ་ངོ་སྟོང་གཉིས་ལྷག་གི་མཛའ་མཐུན་འགྲོ་འོང་ལ་རྐང་ཚུགས་ཡོད་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་སུམ་ཅུའི་རིང་གི་མཐུན་སྒྲིལ་ཡིད་ཆེས་ལ་བརྟེན་ནས་ཇེ་བརྟན་བཏང་ཡོད། དུས་རབས་གསར་པའི་ཚུན་གྱི་སྒོ་འབྱེད་གཉིས་ཁེ་ལས་འཕེལ་རྒྱས་བཏང་ཡོད། དུས་ཡུན་རིང་བོའི་ལག་ལེན་ཁྲོད། ང་ཚོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས། ཕན་ཚུན་གཉིས་ཁེ་དང་རོགས་རམ་བྱས་ཏེ། སྤུས་མཐོའི་འཕེལ་རྒྱས་ལ་བརྟེན་ནས་ཐུན་མོང་དེང་རབས་ཅན་ལ་སྐུལ་བའི་ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས་འཚོལ་ཞིབ་བྱས་ནས་ཆགས་ཡོད། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ལྟ་སྟངས་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཆེ་ཆུང་མི་ལྟ་བར་དོན་དག་ཡོད་ན་ཚང་མས་གྲོས་བསྡུར་བྱས་ནས་བསྒྲུབས་པ་དང་། གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བཞིན་ཡོད། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རོགས་འདེགས་རྒྱུན་འཁྱོངས་དང་། སོ་སོས་རྒྱལ་ཁབ་རང་བཙན་དང་རང་བདག། མངའ་ཁོངས་ཆ་ཚང་། མི་རིགས་ལ་རྒྱ་སོགས་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་པའི་དོན་དག་ཅི་ཡང་མི་བསྒྲུབ། གཉིས་ཁེ་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་དང་། ཕན་ཚུན་རོགས་ཟླ་བཟང་པོར་བརྩི་བ་དང་། ཕན་ཚུན་བར་འཕེལ་རྒྱས་གོ་སྐབས་བསྐྲུན་པ། ཕྱོགས་སོ་སོའི་ཁེ་ཕན་ལ་གཞིགས་ནས་མཉམ་རྒྱལ་མཉམ་གནས་མངོན་འགྱུར་བྱུང་ཡོད། ཕན་ཚུན་ལ་རོགས་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་རྒྱུན་འཁྱོངས་བྱས་ནས། སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་དང་། རང་རང་གི་ལས་ཀ་ཡག་པོ་བསྒྲུབ་པ། མཉམ་དུ་ཉམས་ཉེན་དང་འགྲན་སློང་ཁག་ལ་ཁ་གཏད་བཅལ་ནས། མཉམ་དུ་ས་ཁོངས་བདེ་འཇགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས་གྱིས་མི་རབས་མང་པོའི་མཛའ་མཐུན་མཉམ་ལས་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་རྒྱུད་འཛིན་དར་སྤེལ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
ཞི་ཅིན་ཕིང་གིས། མིག་སྔར། ལོ་བརྒྱའི་འཕོ་འགྱུར་ཆེན་པོ་མགྱོགས་པོར་བྱུང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཟིང་འཁྲུག་དང་འགྱུར་ལྡོག་ཆེ་བའི་དུས་རིམ་གསར་པར་སླེབས་ཡོད་པས། དྲང་གཞག་དྲང་བདེན་གྱི་ལྟ་བ་རྒྱུན་འཁྱོངས་དང་། གཉིས་ཁེ་མཉམ་རྒྱལ་གྱི་འདུ་ཤེས་མ་དོར་ན་ད་གཟོད་འཛམ་གླིང་ཞི་བདེ་དང་། ཐུན་མོང་འཕེལ་རྒྱས་སྲུང་སྐྱོང་བྱེད་ཐུབ། སྒོ་ཁྲལ་འཁྲུག་རྩོད་དང་ཉོ་ཚོང་འཁྲུག་རྩོད་ལས་སུས་ཀྱང་ཁེ་རག་མི་ཐུབ། ཕྱོགས་ལྷུང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་བཅས་ཀྱིས་རང་གཞན་གཉིས་ཕུང་ལས་གླགས་གཞན་མ་མཆིས། ལོ་རྒྱུས་ཕྱིར་ལྡོག་མི་ཐུབ་པས་མ་འོངས་པར་ཕྱོགས་དགོས། འཛམ་གླིང་ཐོར་ཞིག་མི་གཏོང་བར་མཐུན་སྒྲིལ་བྱེད་དགོས། མིའི་རིགས་གདོད་མའི་བཙན་དབང་དུས་རིམ་ལ་ལོག་མི་སྲིད་པས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་འོས། ང་ཚོས་ཀྲུང་གོ་དང་ཡ་གླིང་དབུས་མའི་སྙིང་སྟོབས་ལ་བརྟེན་ནས། ཡར་བརྩོན་ཡར་འཕེལ་ཀྱི་འདུ་ཤེས་དང་སྔར་ལས་དོན་གཉེར་བྱེད་ཐབས་བཏོན་ནས་མཉམ་ལས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་སྤུས་མཐོའི་འཕེལ་རྒྱས་གཏང་དགོས་ལ། ཀྲུང་གོ་དང་ཡ་གླིང་དབུས་མའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་དམིགས་འབེན་དུ་ཕྱོགས་དགོས།
གཅིག་ནི་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱས་པའི་མཐུན་སྒྲིལ་གྱི་ཐོག་མའི་དམ་བཅའ་བརྟན་སྲུང་བྱེད་དགོས། ཀྲུང་གོས་ནམ་ཡང་ཡ་གླིང་དབུས་མ་ནི་ཉེ་འཁོར་ཕྱི་འབྲེལ་གྱི་དམིགས་སུ་བཀར་བའི་ཁ་ཕྱོགས་ལ་བཟུང་ཡོད། ཁྱིམ་མཚེས་བཟང་པོ་དང་མཐུན་པོ། ཕྱུག་པོ།ལྷག་བསམ་དང་གུ་ཡངས་ཀྱི་འདུ་ཤེས་བྱེད་ཕྱོགས་རྒྱུན་འཁྱོངས་ཡོད། ཡ་གླིང་དབུས་མའི་རྒྱལ་ཁབ་བར་འདྲ་མཉམ་འབྲེལ་འདྲིས་དང་། ལྷག་བསམ་ཟོལ་མེད་བྱས་ནས། ནམ་ཡང་ཕན་ཚུན་མཛའ་མཐུན་དང་ཁྱིམ་མཚེས་བཟང་པོའི་སྨོན་འདུན་ཡོད། རྒྱལ་ཁབ་དྲུག་གིས་ཇི་སྲིད་བར་དུ་ཁྱིམ་མཚེས་བཟང་པོའི་མཛའ་མཐུན་མཉམ་ལས་གྲོས་ཆིངས་ལ་མཚན་བཀོད་པ་དང་། བཅའ་ཁྲིམས་རྣམ་པས་མི་རབས་ནས་མི་རབས་ཀྱི་མཛའ་མཐུན་རྩ་དོན་གཏན་འཁེལ་བྱས་ཡོད། དེ་དག་རྒྱལ་ཁབ་དྲུག་གི་འབྲེལ་བའི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པ་ཡིན་ལ། ཀྲུང་གོའི་མཐའ་འཁོར་ཕྱི་འབྲེལ་གྱི་བྱེད་ཐབས་གལ་ཆེན་ཡང་རེད། བྱས་རྗེས་མིག་སྔར་འཇོག་ཞིང་མ་འོངས་ལའང་ཕན་ཐོགས། གཉིས་ནི་དོན་གཉེར་ནུས་མཐོ་དང་མཉམ་བསྲེས་ཟབ་མོ་ཡིས་མཉམ་ལས་བཀོད་པ་ལེགས་བཅོས་གཏང་དགོས། ང་ཚོས་༢༠༢༥ལོ་ནས་༢༠༢༦ལོ་དེ་ཀྲུང་གོ་དང་ཡ་གླིང་དབུས་པའི་མཉམ་ལས་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་ལོ་ལ་གཏན་འཁེལ་བྱས་ཤིང་། ཉོ་ཚོང་ཐོགས་མེད་དང་། ཐོན་ལས་དངུལ་གཏོང་། ཕན་ཚུན་འབྲེལ་མཐུད། འབག་མེད་གཏེར་ཐོན། ཞིང་ལས་དེང་རབས་ཅན། མི་སྣ་འགྲོ་འོང་སོགས་ལ་དམིགས་ནས། ལས་གཞི་ཞིབ་ཕྲ་སྔར་བས་མང་པོ་ལག་བསྟར་བྱས་ཏེ། སྤུས་གསར་གྱི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་ཡ་གླིང་དབུས་མའི་མཉམ་ལས་སྒྲོམ་གཞིའི་ནང་དབུལ་འཕྲི་དང་སློབ་གསོ་སྤེལ་རེས། ཐང་རྒོད་འགོག་བཅོས་ཀྱི་མཉམ་ལས་ལྟེ་གནས་གསུམ་དང་ཉོ་ཚོང་ཐོགས་མེད་མཉམ་ལས་སྟེགས་བུ་བཙུགས་ནས། ཡ་གླིང་དབུས་མའི་རྒྱལ་ཁབ་ཀྱིས་དམངས་འཚོ་དང་འཕེལ་རྒྱས་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་། མ་འོངས་པའི་ལོ་གཉིས་ལ། ཡ་གླིང་དབུས་མའི་རྒྱལ་ཁབ་ལ་གསོ་སྦྱོང་མིང་གྲངས་སུམ་སྟོང་སྤྲད་་རྒྱུ་ཡིན།
གསུམ་ནི་ཞི་བདེ་བརྟན་བརླིང་དང་སྐྱིད་སྡུག་མཉམ་མྱོང་གི་བདེ་འཇགས་བཀོད་པ་བསྐྲུན་དགོས། ང་ཚོས་ས་ཁུལ་བདེ་འཇགས་བཅོས་སྐྱོང་ཇེ་དྲག་གཏོང་བ་དང་། རྒྱུན་ཆད་མེད་པར་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ཇེ་ཟབ་གཏོང་བ། ལག་གདང་སྦྲེལ་ནས་ཐལ་དྲག་བསམ་བློ་སྔོན་འགོག་དང་བཀག་སྡོམ་བྱེད་པ། མཐའ་གཅིག་ཏུ་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས། ས་ཁུལ་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་དགོས། ཀྲུང་གོས་ཡ་གླིང་དབུས་མའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་རྒྱལ་མཚམས་བརྒལ་བའི་རྩ་འཛུགས་ཡོད་པའི་ཉེས་བསགས་ལ་རྡུང་རྡེག་དང་། འབྲེལ་དྲྭ་དང་སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་་རྒྱུ་ཡིན།
བཞི་ནི་བློ་སེམས་གཅིག་མཐུན་དང་ཕན་ཚུན་འགྲིག་མཐུན་ཡོང་བའི་མི་ཆོས་རིག་གནས་ཀྱི་འབྲེལ་ཐག་ཇེ་དམ་གཏོང་དགོས། ཀྲུང་གོས་ཡ་གླིང་དབུས་མའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་དང་། སྲིད་ཏང་། བུད་མེད། ན་གཞོན། འཕྲིན་སྦྱོར། རིག་མཛོད་སོགས་མཉམ་ལས་ཇེ་དྲག་བཏང་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཇེ་ཟབ་གཏང་རྒྱུ་ཡིན། ཡ་གླིང་དབུས་མ་རུ་རིག་གནས་ལྟེ་གནས་དང་མཐོ་རིམ་སློབ་གྲྭའི་ཡན་ལག་སློབ་གྲྭ། ལུའུ་པན་ལག་ཤེས་ཁང་བཅས་སྔར་བས་མང་པོ་བཙུགས་ནས། ཡ་གླིང་དབུས་མའི་རྒྱལ་ཁབ་སོ་སོ་ལ་སྔར་བས་བྱང་ཚད་མཐོ་བའི་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་འདོད་ཡོད། ས་གནས་མཉམ་ལས་ཇེ་ཟབ་ལ་རྒྱབ་སྐྱོར་བྱས་ནས། མཉམ་དུ་ཀྲུང་དབྱང་ནས་ས་གནས་དང་། གཞུང་ཕྱོགས་ནས་དམངས་ཁྲོད། ཉེ་འཁོར་ས་ཁུལ་ནས་སྔར་ལས་རྒྱ་ཆེ་བའི་ཕན་ཚུན་འབྲེལ་མཐུད་ཀྱི་བཀོད་པ་བསྐྲུན་ཡིན།
ལྔ་ནི་དྲང་བདེན་ལུགས་མཐུན་དང་འདྲ་མཉམ་དང་གོ་རིམ་ལྡན་པའི་རྒྱལ་སྤྱིའི་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་དགོས། ང་ཚོས་མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་དང་། བཙན་དབང་རིང་ལུགས་དང་དབང་གྲགས་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཅན་གྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་སྤེལ་ཆེན་པོ་བྱེད་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་ཧྥ་ཞི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན། དཀའ་སྤྱད་སྡུག་རུས་ཀྱི་འཐབ་འཛིང་ལོ་རབས་སུ། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་ས་ཁུལ་གྱི་མི་དམངས་ལ་ཕན་ཚུན་རྒྱབ་སྐྱོར་དང་དཀའ་སྡུག་མཉམ་འཁུར་བྱས་ནས། མིའི་རིགས་ཀྱི་དྲང་བདེན་བྱ་གཞག་ཐད་མཉམ་དུ་བྱས་རྗེས་གལ་ཆེན་བཞག་ཡོད། ཡང་དག་པའི་ལོ་རྒྱུས་ལྟ་བ་དར་སྤེལ་དང་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་གཙོ་བོ་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་ཐད་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་བསྐྲུན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་མཇུག་མཐར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ། རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཅི་འདྲ་སོང་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་གཡོ་འགུལ་མི་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ། སྤུས་ཚད་སྔར་ལས་མཐོ་བའི་མཉམ་ལས་བྱེད་པ། ཁེ་ཕན་ཟུང་འབྲེལ་ཟབ་མོ། ཐུན་མོང་འཕེལ་རྒྱས་གཏོང་བ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཞེས་གསུངས།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡའེ་ཧྥུའུ་སོགས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དབུ་ཁྲིད་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཁྲིད་འོག ཀྲུང་གོར་འཛམ་གླིང་ཐོག་ཀུན་གྱིས་དོ་སྣང་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་རྒྱབ་ཁབ་བར་ཕྱོགས་ཡོངས་མཉམ་ལས་བྱས་ནས། རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྤྲད་པར་བཀའ་དྲིན་ཆེ་ཞེས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ནང་རྐྱེན་ནི་ཕྱོགས་གཉིས་གླེང་མོལ་མཉམ་ལས་ལ་སྐུལ་སྤེལ་དང་། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད། གཏན་འཁེལ་མེད་པའི་འཛམ་གླིང་འདི་ལ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ནང་རྐྱེན་གྱི་འཐབ་ཇུས་དོན་སྙིང་སྔར་ལས་འབུར་དུ་ཐོན་ཞིང་། ཀྲུང་གོ་དར་རྒྱས་གོང་འཕེལ་འགྲོ་བ་དེས་ཉེ་འགྲམ་རྒྱལ་ཁབ་ལ་ཕན་བཏགས་བཞིན་ཡོད། ཀྲུང་གོ་ནི་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་ནམ་ཡང་ཡིད་རྟོན་རུང་བའི་འཐབ་ཇུས་རོགས་ཟླ་དང་གྲོགས་པོ་བཟང་པོ་ཡིན།
ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་རྣམ་པ་ལ་མཐོང་ཆེན་ཚད་མཐོ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཕྱོགས་ཡོངས་ནས་མཉམ་ལས་སྤེལ་བ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་རྒྱ་སྐྱེད་པ། སྤུས་མཐོའི་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། བཟོ་ལས་དང་ཞིང་ལས། ཚན་རྩལ། རྨང་གཞིའི་སྒྲིག་ཆས། ནུས་ཁུངས་གསར་པ། མཉམ་འབྲེལ་མཉམ་སྤེལ་སོགས་ཁྱབ་ཁོངས་སུ་མཉམ་ལས་སྐུལ་སཔེལ་གཏོང་བ། ས་ཁོངས་བར་གྱི་བདེ་འཇགས་མཐུན་སྦྱོར་ཇེ་དྲག རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་སྤེལ་རེས་ཇེ་དྲག་གཏོང་བ། ཀྲུང་གོ་དང་ཨེ་ཀ་ཡ་དབུས་མའི་ནང་རྐྱེན་དེ་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ལ་བསྐྲུན་པ། འཕེལ་རྒྱས་ཕྱུག་འགྱུར་མཉམ་སྤྱོད་བྱེད་པ། ཞི་བའི་བརྟན་བརླིང་ལ་མཉམ་དུ་སྐུལ་མ་བྱས་ནས། སྔར་ལས་ཟབ་པའི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་རེ་བ་བྱེད་བཞིན་ཡོད། ཕྱོགས་སོ་སོས་ཀྲུང་གོའི་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་འདོན་པའི་དགེ་མཚན་ལྡན་པའི་ནུས་པ་ལ་བསྟོད་བསྔགས་ཆེན་པོ་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་དང་འཛམ་གླིང་གྲོས་གཞི་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་གང་ཐུབ་བྱེད་པ། ཀྲུང་གོ་དང་མཐུན་སྦྱོར་དང་གཞོགས་འདེགས་གང་ཐུབ་བྱེད་པ། རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོང་བརྟན་པོ་བྱས་ནས། མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
རྩེ་འཛོམས་གྲོས་ཚོགས་འཚོག་རིང་དུ། ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་བདག་དང་མཉམ་དུ་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་འཛོམས་གྲོས་ཚོགས་ཨ་སི་ཐ་ནའི་བསྒྲགས་གཏམ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཏུར་མེན་སི་ཐན། ཨི་ཟི་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་བར་ཡུན་རིང་མཛའ་མཐུན་མཉམ་ལས་གྲོས་ཆིངས་ཐོག་ལ་མིང་རྟགས་བཀོད་པ་རེད།
རྩེ་འཛོམས་གྲོས་ཚོགས་ཐོག་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་མི་སྣ་འགྲོ་འོང་སྟབས་བདེ་གཏོང་བ། འབག་མེད་གཏེར་ཁ་ཐོན་ལས། ཉོ་ཚོང་ཐོགས་མེད། མཉམ་འབྲེལ་མཉམ་སྤེལ། བཟོ་ལས། སྒོ་ཁྲལ་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་ཡིག་ཆ་བཅུ་གཉིས་ཐོག་མིང་བཀོད་ཁྱབ་བསྒྲགས་བྱས་ཤིང་། རྩེ་འཛོམས་གྲོས་ཚོགས་འཚོག་རིང་དུ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་བར་དུ་མཛའ་མཐུན་གྲོང་ཁྱེར་གྲོས་ཆིངས་མང་པོའི་ཐོག་མིང་རྟགས་བཀོད་ཅིང་ཕྱོགས་གཉིས་ཀྱི་མཛའ་མཐུན་གྲོང་ཁྱེར་གྲངས་ཀ་བརྒྱ་ལས་བརྒལ་ཡོད།
ཞི་ཅིན་ཕིང་ད་དུང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་བདག་ལྔ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་དབུལ་འཕྲི་མཉམ་ལས་ལྟེ་གནས་དང་། སློབ་གསོ་བརྗེ་རེས་མཉམ་ལས་ལྟེ་གནས། བྱེ་ཐང་སྔོན་འགོག་བཅོས་སྐྱོང་ལྟེ་གནས། ཉོ་ཚོང་ཐོགས་མེད་མཉམ་ལས་སྟེགས་བུ་བཅས་ལ་སྒོ་བྱང་བཀལ་བའི་མཛད་སྒོའི་ནང་ཞུགས་པ་རེད།
ཕྱོགས་སོ་སོས་༢༠༢༧ལོར་ཀྲུང་གོས་གཙོ་གཉེར་བྱ་བའི་སྐབས་གསུམ་པའི་ཀྲུང་གོ་དང་དང་ཨེ་ཤ་ཡ་དབུས་མའི་རྩེ་འཛོམས་གྲོས་ཚོགས་འཚོགས་པར་གྲོས་མོལ་བྱས་ནས་གཏན་འཁེལ་བྱས།ཉིན་དེའི་དགོང་མོར། ཞི་ཅིན་ཕིང་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ཡིས་རྩེ་འཛོམས་གྲོས་ཚོགས་ནང་ཞུགས་པའི་རྒྱལ་ཁབ་ཀྱི་གཙོ་བདག་རྣམས་ལ་སྤེལ་བའི་དགའ་བསུ་གསོལ་སྟོན་ནང་ཞུགས་པ་རེད།

