ཀྲུང་གོའི་རུ་ཁག་གིས་ཚོགས་པའི་འགྲན་བསྡུར་མང་པོའི་ནང་ཨང་དང་པོ་བླངས།
| 2023-09-27 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་ཉེར་དྲུག་ཉིན་ནི་ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་གསུམ་ལ་བསླེབས་ཡོད་ལ། སྔ་དྲོའི་མདའ་འཕེན་འགྲན་བསྡུར་ནང། ༢༠༠༠ལོའི་ཕྱི་ནས་སྐྱེས་པའི་འགྲན་ཞུགས་པ་ཧྲེང་ལི་ཧའོ་དང་ཧོང་ཡུས་ཐིན་གཉིས་ཚན་བསྡེབ་བྱས་ཏེ། སྨི་བཅུ་ཅན་གྱི་དབུགས་ཅན་དཀྲུམ་མདའི་མཉམ་སྡེབ་ཚོགས་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བླངས་ཤིང་། འདི་ནི་ཧོང་ཡུས་ཐིན་ཀྱིས་སྐབས་འདིའི་ཡ་གླིང་ལུས་རྩལ་འགྲན་བསྡུར་ཐོག་ཐོབ་པའི་གསེར་གྱི་རྟགས་མ་གསུམ་པ་དེ་རེད། འཕེན་འཕངས་སྤོ་ལོའི་བུད་མེད་ཚོགས་པའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་གསུམ་བསྡུར་ཐིག་གིས་འཇར་པན་རུ་ཁག་ཕམ་པར་བརྒྱབ་ནས། བདེ་བླག་ངང་བསྟུད་མར་ཨང་དང་པོ་བླངས། ལུས་སྦྱོང་སྐྱེས་པའི་མི་སྒེར་ཀུན་འཇོན་འགྲན་བསྡུར་ཐོག ཀྲང་པའོ་ཧུན་གྱིས་ཨང་དང་པོ་བླངས། ཚོགས་རའི་ལྕགས་རྟའི་བུད་མེད་ཚོགས་པའི་མགྱོགས་འགྲན་ཁྲོད་དུ་ཀྲུང་གོའི་རུ་ཁག་གིས་སྐར་ཆ་ཞེ་དྲུག་དང་གསུམ་བདུན་དྲུག་གིས་ཨང་དང་པོ་བླངས་པར་མ་ཟད་ཡ་གླིང་གི་ཟིན་ཐོ་གསར་པ་བཞག མཱ་ཀྲིན་ཀྲའོ་ཡིས་བུད་མེད་སྤྱི་རྒྱ་དོན་བརྒྱད་ཅན་གྱི་སྦེ་ག་འགན་བསྡུར་ཁྲོད་ཨང་དང་པོ་བླངས།
ཚེས་ཉེར་ལྔ་ཉིན་གྱི་དགོང་མོའི་ལུས་རྩལ་འགྲན་ཚན་གྱི་བུད་མེད་ཚོགས་པའི་མཇུག་འགྲན་ནང་། ཀྲུང་གོའི་ལུས་རྩལ་བུད་མེད་རུ་ཁག་གིས་བདེ་བླག་ངང་བསྟུད་མར་ཨང་དང་པོ་བླངས་ནས། འགྲན་ཚན་འདིའི་ཡ་གླིང་ལུས་རྩལ་འགྲན་བསྡུར་ཐོག་བསྟུད་མར་ཐེངས་བཅུ་གསུམ་ལ་ཨང་དང་པོ་བླངས་ཡོད་པ་རེད། གྲི་འགྲན་འགྲན་རའི་ནང་། ཧོང་ཆཱན་ཆཱན་ལ་བུད་མེད་གྲི་འགྲན་སྒེར་གྱི་ཨང་དང་པོ་ཐོབ། དྲག་རྩལ་འགྲན་བསྡུར་གྱི་མཉམ་འདྲེས་ཚོགས་པའི་མཇུག་འགྲན་ནང་། ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་བླངས། ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་སྤེལ་བའི་ཆུ་རྐྱལ་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་ལ་ཡང་བསྐྱར་གསེར་གྱི་རྟགས་མ་བཞི་རག་པ་རེད། ཀྲུང་གོའི་ཞང་ཀང་གི་འགྲན་ཞུགས་པ་ཧོ་ཧྲི་ཕེ་ལ་བུད་མེད་སྨི་ཉིས་བརྒྱའི་རང་མོས་ཆུ་རྐྱལ་འགྲན་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ་པར་མ་ཟད། ཡ་གླིང་ལུས་རྩལ་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བསྐྲུན། འདིའང་ཀྲུང་གོའི་ཞང་ཀང་ཆུ་རྐྱལ་རུ་ཁག་གིས་ཡ་གླིང་ལུས་རྩལ་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་གི་གསེར་གྱི་རྟགས་མ་ཐོག་མ་ཡིན་པ་རེད།




