ཡར་ཀླུང་གཙང་པོའི་ཆུ་གློག་ལས་གཞི་གལ་ཆེན་ལས་འགོ་ཚུགས།
| 2025-07-19 来源:ཤམ་བྷ་ལའི་ཆ་འཕྲིན། | 分享: |
ཡར་ཀླུང་གཙང་པོའི་ཆུ་གློག་ལས་གཞི་གལ་ཆེན་ལས་འགོ་ཚུགས།

ཟླ་བ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གཞིའི་ཨར་ལས་འགོ་ཚུགས་མཛད་སྒོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཨར་ལས་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད། ལས་གཞིའི་ཨར་ལས་དངོས་སུ་ལས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད།
ཚེས་བཅུ་དགུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག ཨར་ལས་འགོ་ཚུགས་མཛད་སྒོ་དེ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཆུ་གློག་ས་ཚུགས་ཀྱི་ཤུལ་དུ་འཚོགས་ཤིང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ལས་གཞིའི་གཞིས་བདག་ཀྲུང་གོའི་ཡར་ཀླུང་གཙང་པོ་ཚོགས་པ། ལས་གཞི་ཞིབ་འཇུག་ཚོད་ལྟའི་ནང་དུ་ཞུགས་པའི་ལས་ཁུངས་ཀྱི་སྐུ་ཚབ་སྟེ་ཀྲུང་གོའི་གློག་ནུས་འཛུགས་སྐྲུན། བོད་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་རེད།
ལི་ཆང་གིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཆུ་གློག་ལས་གཞིའི་ཨར་ལས་འགོ་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ། ལས་གཞི་འཛུགས་སྐྲུན་དངོས་སུ་འགོ་བརྩམས་པ་རེད།
ཝུའུ་ཀྲེན་ལུང་གིས་ཨར་ལས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་།
ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བློ་མཐུན། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཆུ་གློག་ལས་གཞིའི་འཛུགས་སྐྲུན་ཆེད་མཁས་བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན། ལས་གཞི་ཞིབ་འཇུག་ཚོད་ལྟའི་ནང་དུ་ཞུགས་པའི་ལས་ཁུངས། ས་གནས་དེ་གའི་མང་ཚོགས་ཀྱི་སྐུ་ཚབ་སོགས་ཨར་ལས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཡར་ཀླུང་གཙང་པོའི་སྨད་རྒྱུད་ཆུ་གློག་ལས་གཞི་དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་ཡོད། ལས་གཞིས་ཁུག་བཅད་དྲང་གཏོང་དང་། ཕུག་ལམ་ཆུ་འདྲེན་སོགས་ཀྱི་རྣམ་པའི་ཐོག་ནས་རིམ་པ་མི་འདྲ་བའི་ཆུ་གློག་ས་ཚུགས་ལྔ་འཛུགས་སྐྲུན་བྱེད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ཁྲི་གཅིག་སྟོང་གཉིས་ཙམ་གཏོང་རྒྱུ་རེད། ལས་གཞིའི་གློག་ཤུགས་ཕྱིར་འདྲེན་འཛད་སྤྱོད་གཙོར་བྱེད་པའི་རྨང་གཞིའི་ཐོག་ནས་བོད་ལྗོངས་ས་གནས་རང་གི་གློག་བཀོལ་བའི་དགོས་མཁོ་བསྐང་རྒྱུ་རེད།



