ཞི་ཅིན་ཕིང་དང་ཅ་ཚེ་ཝ་ཉིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་།
| 2025-07-20 来源:ཤམ་བྷ་ལའི་ཆ་འཕྲིན། | 分享: |
ཟླ་༧ཚེས་༡༩ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་རི་ཐ་ཉི་ཡའི་ཙུང་ཐུང་ཅ་ཚེ་ཝ་ཉིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་༦༠འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་༦༠སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སོ་སྲུང་རོགས་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་པའི་དཔེ་མཚོན་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་སྲ་བརྟན་དུ་ཕྱིན་པ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། ན་ནིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་རིང་། ང་རང་ནས་ཙུང་ཐུང་ཅ་ཚེ་ཝ་ཉི་དང་མཇལ་འཕྲད་ཞུས་པ་དང་འབྲེལ་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དང་། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུར་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པའི་འགོ་བརྩམས་ཡོད། ང་རང་གིས་ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཅ་ཚེ་ཝ་ཉི་དང་ལྷན་དུ་འབད་བརྩོན་ཞུས་ཐོག ཕྱི་འབྲེལ་བཙུགས་ནས་ལོ་༦༠འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གོང་འཕེལ་གྱི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་གཏོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།
ཅ་ཚེ་ཝ་ཉི་ཡིས། ལོ་༦༠ཡི་རིང་། མོ་རི་ཐ་ཉི་ཡ་དང་ཀྲུང་གོས་མཛའ་གྲོགས་བརྟན་པོ་བཙུགས་ཏེ། བང་རིམ་ཁག་དབར་མཉམ་ལས་དམ་ཟབ་བྱས་པ་དང་། རྒྱལ་སྤྱིའི་ཐོག་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱས་ཡོད། ༢༠༢༤ལོའི་ཟླ་༩པར་གཉེར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུན་མོང་ཐོག་དཔེ་མཚོན་དུ་བརྩི་རུང་བའི་མོ་རི་ཐ་ཉི་ཡ་དང་ཀྲུང་གོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དུ་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་ཞུས་པ་ཡིན། དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཏུ་འགྲོ་བའི་ཆེས་དོན་དངོས་ཀྱི་མཚོན་ཚུལ་ཞིག་ཡིན་ཞིང་། དེས་མཛའ་གྲོགས་ལྡན་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་འཇགས་དང་དར་རྒྱས་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་མོ་རི་ཐ་ཉི་ཡའི་ཙུང་ལི་ཨའེ་ཅ་དབྱི་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད། ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ཉི་ཡ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཐོག ཀྲུང་གོ་དང་མོ་རི་ཐ་ཉི་ཡ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་༦༠འཁོར་བ་གོ་སྐབས་སུ་བརྩིས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཅ་ཙི་ཝ་ཉིའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་མོ་རི་ཐ་ཉི་ཡའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཨའེ་ཅ་དབྱིས། མོ་རི་ཐ་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཙུང་ཐུང་ཅ་ཙི་ཝ་ཉི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་མཛུབ་ཁྲིད་འོག ཀྲུང་གོ་ཕྱོགས་དང་མོ་རི་ཐ་ཉི་ཡ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་གོང་འཕེལ་ཐད་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས་པ་རེད།



