དགེ་འདུན་པ་འདི་རྣམས་ལ་མཐོ་རམས་པའི་ཡོན་གནས་གནང་།
| 2025-05-26 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐོ་རམས་པའི་ཡོན་གནས་གནང་བའི་མཛད་སྒོ་དེ་པེ་ཅིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སྤེལ་བ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་སོ་དྲུག་གིས་འབད་པ་ལྷོད་མེད་སྒོས་ལོ་གསུམ་རིང་སློབ་གཉེར་དཔྱིས་ཕྱིན་པ་གནང་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐར་ཕྱིན་དཔང་ཡིག་བླངས་ཤིང་། ཐོབ་ཐང་ཞིབ་བཤེར་དང་། རྩོད་རྒྱུགས་ལེན་པ། དཔྱད་རྩོམ་སྒྲོག་འདོན། གྲོས་བསྡུར་ཐག་གཅོད་བཅས་བྱས་པ་བརྒྱུད་སློབ་གཉེར་བ་སོ་དྲུག་ལ་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་ཡོན་གནས་གནང་བ་རེད།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དབུ་འཛིན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལགས་ཀྱིས་མཐོ་རམས་ཡོན་གནས་ཐོབ་མཁན་ལ་དཔང་ཡིག་གནང་ཞིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་བརྒྱུད་ནང་བསྟན་ཡོན་གནས་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་མཐོ་རམས་ཡོན་གནས་ཐོབ་མཁན་ཡོངས་ལ་རྟེན་འབྲེལ་ཞུས།
༢༠༠༤ལོར་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་ལག་བསྟར་བྱས་པ་ནས་བཟུང་ད་བར་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་བསྡོམས་པས་སློབ་མ་སུམ་བརྒྱ་གོ་དགུ་ལ་མཐོ་རམས་པའི་ཡོན་གནས་སྤྲད་ཡོད་པ་མ་ཟད། ལམ་ལུགས་འདི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ལ་ཁྱབ་པར་བྱས་ཡོད། སློབ་གཉེར་བ་འདི་རྣམས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

ཡོང་ཁུངས། ཀྲུང་གོའི་གསར་འགྱུར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།




